ཀུན་གྱིས་དོ་ཁུར་ཆེ་བའི་རིམས་ནད་སྐོར་གྱི་དྲིས་ལན་ཚ་ཤོས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-23

“གདགས་སངས”བྱུང་རྗེས་དུས་ཡུན་ཇི་ཙམ་ཕྱིན་ན་ཕྱིར་འགྲོ་སྐྱོད་བྱེད་ཆོག་པ་དང་ལས་གནས་སུ་ཕྱིར་ལོག་བྱ་ཆོག་གམ། 

       ལན། ནད་ཐོག་ནས་བལྟས་ན། ནད་ཕོག་པའི་ཉིན་བདུན་གྱི་རྗེས་སུ། ནད་རྟགས་ཡང་བའི་ནད་པ་ཕལ་ཆེ་བའི་ཉིང་སྐྱུར་སྲིབས་གཤིས་སུ་འགྱུར་འགོ་ཚུགས་པ་དང་། ལུས་པོའི་ནང་ནད་དུག་འཁྱེར་ཚད་ཀྱང་ཧ་ཅང་དམའ་བས། ཕལ་ཆེར་འགོས་གཤིས་མི་ལྡན། མིད་པ་ན་བ་དང་གློ་ལུ་བ་སོགས་ཀྱིས་ཁྱེད་ཀྱི་གཉིད་ལ་ཤུགས་རྐྱེན་མི་ཐེབས་པར་གྱུར་སྐབས། གཟུགས་པོའི་བདེ་ཐང་ཕལ་ཆེར་སླར་གསོ་བྱུང་བའི་རྟགས་ཡིན་པས། ལས་གནས་ཐོག་ལོག་ཆོག་གི་ཡོད། 

       གལ་ཏེ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་སྟབས་མི་བདེ་ན། བསྟུད་མར་ཉིན་གསུམ་ལ་གདོད་འགོག་ཞིབ་དཔྱད་ཚད་ལེན་བྱས་ཆོག གལ་ཏེ་ཉིན་གསུམ་ལ་སྲིབས་གཤིས་ཡིན་ན་ཕལ་ཆེར་འགོས་གཤིས་མི་ལྡན་པས། སྐབས་དེར་གཟུགས་པོའི་གནས་ཚུལ་ལ་གནད་དོན་མེད་ན་ཕྱིར་འགྲོ་ཆོག་གི་ཡོད།

       “གདགས་སངས”བྱུང་རྗེས་ལུས་རྩལ་སྦྱོང་ཆོག་གམ། 

       ལན། ཏོག་གསར་རིམས་ནད་དྲག་སྐྱེད་བྱུང་རྗེས། མི་མང་པོ་ཞིག་གི་གཟུགས་པོའི་གནས་ཚུལ་སྔོན་མ་ལྟར་སླར་གསོ་ཐུབ་པར་ད་དུང་གཟའ་འཁོར་གཅིག་གཉིས་ཙམ་འགོར་གྱི་ཡོད་སྟབས། ཧོབ་དེ་ཤུགས་དྲག་ཆེ་བའི་ལུས་སྦྱོང་བྱེད་མི་རུང་ཞིང་། གོམ་པ་རིམ་བགྲོད་ཀྱིས་ལུས་སྦྱོང་ནང་འཇུག་དགོས།

       ཚད་རན་ཞིང་ཤུགས་དེ་ཙམ་རྒྱག་མི་དགོས་པའི་ལས་སྦྱོང་བྱས་ན་ཆོག་སྟེ། དཔེར་ན། རྒྱང་བསྒྲགས་ལུས་རྩལ་དང་རྐང་འགྲུལ་རྒྱག་པ་སོགས་འོས་འཚམ་བྱས་ཆོག་པ་ལས། ལུས་པོ་དྲག་སྐྱེས་བྱུང་མ་ཐག་ཏུ་ཤུགས་དྲག་ཆེ་བའི་ལུས་སྦྱོང་བྱེད་མི་རུང་། དུས་ཚོད་ཀྱང་ཚོད་འཛིན་ཡག་པོ་བྱ་དགོས།

       “གདགས་སངས་”བྱུང་རྗེས་ད་དུང་ཁ་རས་རྒྱག་དགོས་སམ། 

       ལན། ཁ་རས་རྒྱག་པ་དང་། ལག་པ་འཁྲུ་བ། སྤྱི་ཚོགས་འབྲེལ་བའི་བར་ཐག་ངེས་ཅན་འཇོག་པ། ཁང་པའི་ནང་མཁའ་རླུང་རྒྱུ་བ་སོགས་ཀྱི་གོམས་གཤིས་མུ་མཐུད་མཐའ་འཁྱོངས་བྱེད་དགོས། 

       གལ་ཏེ་ཕྱིར་འགྲོ་དགོས་ན། ངེས་པར་དུ་རང་ཉིད་ལ་འགོས་གཤིས་མི་ལྡན་པ་ཁག་ཐེག་བྱེད་དགོས། མི་མང་ཞིང་མཁའ་རླུང་ཁོར་རྒྱུག་ཡག་པོ་མི་ཐུབ་པའི་མི་ཚོགས་འདུ་སར་ཐོག་མཐའ་བར་གསུམ་དུ་ཁ་རས་རྒྱག་དགོས་པ་དང་། ལག་པར་གཙང་སྦྲ་བྱ་རྒྱུར་དོ་སྣང་བྱེད་དགོས་ཤིང་། གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ་སོགས་ཀྱི་ཐད་ལའང་དོ་སྣང་བྱེད་དགོས། 

       “གདགས་སངས་”བྱུང་རྗེས་ཁྱིམ་དུ་ཇི་ལྟར་དུག་སེལ་བྱེད་དགོས། 

       ལན།  ཁྱིམ་དུ་དུག་སེལ་བྱ་ཐབས་བཟང་ཤོས་ནི་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འགྲོ་རྒྱུག་བྱེད་ཏུ་འཇུག་པ་དང་། ཉིན་རེར་ཐེངས་གཉིས་ནས་གསུམ་བར་དང་ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཡས་མས་འཇོག་དགོས། 

       ཁྱིམ་དུ་ཆང་བཅུད་གཏོར་ནས་དུག་སེལ་བྱ་རྒྱུར་འཛེམ་དགོས། རྒྱུ་མཚན་ནི་ཆང་བཅུད་གཏོར་རྗེས་རླུང་འགྲོ་ཡག་པོ་མེད་ན་མེ་དང་འཕྲད་ཚེ་འབར་གས་འབྱུང་སླ་པོ་ཡོད། ད་དུང་ཡང་ཁྱིམ་དུ་ཆང་བཅུད་འབོར་ཆེན་གསོག་ཉར་བྱེད་མི་རུང་།

       གསང་སྤྱོད་དང་ཐབ་ཚང་སོགས་ཀྱི་གནས་གཙོ་བོར་ཁིལ་རྫས་འདྲེས་པའི་དུག་སེལ་རྫས་ཀྱིས་ཕྱི་བདར་རྒྱག་པ་དང་། ཕྱིས་ནས་ཆུ་ཚོད་ཕྱེད་ཀ་ཙམ་བཞག་རྗེས་ཆུ་གཙང་མས་ཡང་བསྐྱར་ཕྱི་བདར་ཐེངས་གཅིག་རྒྱག་དགོས། 

       ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ལ་ཆང་བཅུད་ཀྱིས་དུག་སེལ་བྱ་ཆོག་པ་དང་། ཟ་སྣོད་དང་ཕོར་པ་སོགས་དྲོད་ཚད་མཐོ་བའི་རླངས་བཙོའི་ཐབས་ཀྱིས་དུག་སེལ་བྱ་དགོས། གཞན་ཡང་གྱོན་ཆས་སོགས་རྒྱུན་ལྡན་ལྟར་གཙང་འཁྲུད་དང་ཉི་མར་སྐམ་ན་ཆོག

       “གདགས་སངས”བྱུང་རྗེས་ཡང་བསྐྱར་འགོ་སྲིད་དམ། 

       ལན། ཐེངས་དང་པོར་ཨའོ་སྨི་ཁེ་རུང་འགོས་རྗེས་དུས་ཡུན་ཐུང་ངུའི་ནང་དུ་འགོག་གཟུགས་ཀྱི་ཆུ་ཚད་ཅུང་མཐོ་བས། དེར་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ལྡན་ཡོད། སྤྱིར་བཏང་ཐོག་ཟླ3ནས་6གི་ནང་དུ་ཐེངས་གཉིས་པ་འགོ་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། 

       གལ་ཏེ་ནད་དུག་ངོ་འགྱུར་བྱུང་ན། ནད་དུག་གི་ནུས་པ་ཇེ་དྲག་ཏུ་ཕྱིན་ནས་ཐེངས་གཉིས་པ་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེར་བརྟེན། ཁ་རས་རྒྱག་པ་དང་། ལག་པ་ཡང་ཡང་བཀྲུ་བ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་འཇུག་པ་སོགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས།

       “གདགས་སངས་”བྱུང་རྗེས་ད་དུང་རིམས་འགོག་སྨན་ཁབ་རྒྱག་དགོས་སམ། 

       ལན། གདགས་གཤིས་སངས་དྲག་བྱུང་རྗེས་ད་དུང་ཡང་ནད་དུག་འགོ་བའི་ཉེན་ཁ་ཡོད་པས། གཞུང་ལུགས་སྟེང་ནས་བཤད་ན། ད་དུང་ཡང་བསྐྱར་རིམས་འགོག་སྨན་ཁབ་རྒྱག་དགོས། 

       ཏོག་གསར་ནད་དུག་གི་ནད་རྟགས་མངོན་བཞིན་པའི་དུས་སུ་གནས་པའི་གདགས་གཤིས་ནད་པ་དང་དྲག་སྐྱེད་བྱུང་བའི་མི་ཚོགས་རིགས་གཉིས་ལ་འཕྲལ་མར་སྨན་ཁབ་ཐེངས་གཉིས་པ་རྒྱག་མི་འོས་པ་དང་། ནད་གཞི་དྲག་སྐྱེད་བྱུང་རྗེས་ཉུང་མཐར་ཡང་ཟླ་བ་དྲུག་གི་རྗེས་སུ་སྨན་པར་འདྲི་རྩད་བྱས་ཏེ་ལུས་པོའི་གནས་ཚུལ་ལ་གཞིགས་ནས་སྨན་ཁབ་རྒྱག་ཆོག་མིན་བལྟ་དགོས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས“ཨ་རབ་སྒྱུ་རྩལ་དུས་ཆེན”སྐབས་ལྔ་པ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།