ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

ཐུབ་ཀྱིས་བསྒྱུར།        2022-12-29

ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ཏེ།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་ལེན་བསམ་འཆར་ཞིབ་འཇུག་བྱས།


   སྤྱི་ཟླ12ཚེས28ཉིན་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། དེ་བཞིན་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ཏོག་གསར་རིམས་ཚུལ་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་ནས། རང་རེའི་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

     གྲོས་ཚོགས་སུ་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཅིང་མཐོང་རྒྱ་ཆེ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་པོར་བཏོན་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་གྱི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བས། འཐབ་ཇུས་རང་བཞིན་དང་། བསམ་བློ། སྣེ་ཁྲིད་རང་བཞིན་ཆེན་པོ་ལྡན་ཞིང་། ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ་སང་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་དོན་རྒྱུད་རིམ་ལྡན་པས་བཀོད་སྒྲིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལག་ལེན་གང་ལེགས་སུ་མཚོན་ཡོད། རིམ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཨུས་ད་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པར་སྟངས་འཛིན་ནན་པོ་བྱས་ཏེ། ཆོས་ཉིད་རང་བཞིན་ལྡན་པའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་ཆེད་བྱས་རྗེས་མང་ཙམ་འབུལ་དགོས། ཞིང་ཨུའི“དགོས་ངེས་ལྔའི”རྩ་དོན་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། བསྒྱུར་བཅོས་ལ་སྐུལ་བ། འཕེལ་རྒྱས་གཏོང་སྟངས་ལེགས་སྒྲིག། དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག། བརྟན་ལྷིང་ཡོང་བ་འགན་ལེན་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བ་ཁག་ཐེག་བྱ་དགོས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་པའི་མཐུན་རྐྱེན་ཁོང་དུ་ ཆུད་པ་དང་། སྲིད་ཇུས་ལ་ཞིབ་འཇུག་ནན་ཏན། ལས་གཞི་གྲབས་གསོག་ཡག་པོ། གོ་སྐབས་དམ་འཛིན། བབ་བསྟུན་འཕྲལ་སྒྲུབ་བཅས་བྱ་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་ཅིང་། “ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། གནས་ལྔ་མཉམ་དར་”གྱི་འཐབ་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་པར་དམིགས་ཏེ་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་། འཛད་སྤྱོད་དང་ནང་མཁོ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་ཤུགས་ཆེན། མ་དངུལ་འཇོག་གྲངས་བརྟན་པོའི་ངང་འཕར་བའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་ཞིང་། ཡུལ་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སླར་གསོ་དང་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། སང་ལོའི་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏང་དགོས།

    ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིང་སྡེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་སུ་སྐྲུན་པ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་དུ་སྦྲེལ་ནས་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་དམིགས་ཏེ་རང་རེའི་ཁུལ་གྱི“ཞིང་གསུམ”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་པ་དང་། ཐོན་ལས་འཕེལ་རྒྱས་དང་། གྲུབ་རྐྱེན་གཙོ་བོ་བཀོད་སྒྲིག། མ་དངུལ་འཇོག་པ་དམིགས་སུ་བཀར་བ་རྒྱུུན་འཁྱོངས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ཟབ་ཏུ་སྤེལ་ཏེ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏང་ དགོས། འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་ཏན་བྱས་ཏེ་རྨོ་ཞིང་གི་རྒྱ་ཐག་དམར་པོ་བརྟན་པོ་བསྲུངས་ནས“གཙང་གསུམ་རྒྱུད་དྲུག”གི་དེང་རབས་ཞིང་ལས་ཐོན་ལས་ཁུལ་མགྱོགས་མྱུར་འཛུགས་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་ཤུགས་བརྒྱབ་ནས། ཞིང་འབྲོག་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་གཏང་དགོས། ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་བསྐུལ་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཞིང་སྡེའི་གད་སྙིགས་དང་། བཙོག་ཆུ། གསང་སྤྱོད་བཅས“གསར་བརྗེ་ཆེན་པོ་གསུམ”ལ་དམ་འཛིན་ཡག་པོ་བྱེད་པ། གཞིས་འཚམ་ལས་འཚམ་གྱི་ཡུལ་སྡེ་མཛེས་སྡུག་ལྡན་པ་འཛུགས་སྐྲུན་ཤུགས་ཆེན་བྱ་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། རིམ་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

  ཚོགས་འདུར་བསྟན་དོན། ཏོག་གསར་རིམས་ཚུལ་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་མཐུན་སྟོབས་སྒྲིལ་གྱི་སྒོ་ནས་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པར་གྲུབ་འབྲས་དགེ་མཚན་ལྡན་པ་གལ་ཆེན་ཐོབ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ《ཏོག་གསར་ནད་དུག་འགོ་བར་རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པ་སྤྱད་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞིའི》བཀོད་སྒྲིག་བླང་བྱ་གཞིར་བཟུང་། ནང་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བྱ་ཐབས་ལེགས་སུ་གཏོང་བ། ལས་ཕྱོད་ཆེ་རུ་བཏང་ནས་དུས་མཚམས་གསར་པའི་རིམས་ཚུལ་འགོག་ཟོན་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱ་དགོས། བདེ་ཐང་འགན་ལེན་དང་ནད་གཞི་ལྕི་རིགས་སྔོན་དུ་འགོག་པ་མངོན་གསལ་དོད་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་དང་རྒྱ་བསྐྱེད་བཏང་ནས་ནད་གཞི་ལྕི་རིགས་སྐྱོབ་བཅོས་དང་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་འགན་ལེན་བྱ་དགོས། རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་གཙོ་གནད་སྒྲིག་གཞིའི་རིམས་འགོག་དོ་དམ་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། གཙོ་གནད་མི་ཚོགས་དང་ལྷག་པར་དུ་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་པ། ཉམ་ཞན། སྦྲུམ་མ་སོགས་ཀྱི་བདེ་ཐང་དོ་དམ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་བརྒྱག་དགོས། ཞིང་འབྲོག་ཁུལ་གྱི་རིམས་ནད་འགོག་བཅོས་ལས་དོན་ཡག་པོ་སྤེལ་ཞིང་། གཅིག་གྱུར་མཐུན་སྦྱོར་དང་རྒྱབ་སྐྱོར་འགན་སྲུང་བྱེད་ ཤུགས་ཆེ་རུ་གཏང་དགོས། འགོག་ཟོན་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་ཞིབ་ཚགས་ངང་སྒྲུབ་ཅིང་། མི་ཆོས་སེམས་ཁུར་དང་སེམས་གསོ་གཏོང་བར་ཤུགས་བརྒྱབ་ནས་བརྟན་པོ་དང་། དོ་སྙོམས། བརྟན་པོའི་ངང་རིམས་ཚུལ་གྱི་དུས་མཚམས་ལས་བརྒལ་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱ་དགོས།

  ཚོགས་འདུར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་།ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཚན་ཁག་གི2022ལོའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་འདས་ཟིན་པའི་ལོ་གཅིག་རིང་གི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད། སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོ་ཡིན་པས། ཏང་ཚན་ཁག་ཁག་གིས་སྔ་བར་ཕྱི་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱ་དགོས། ཁུལ་ཨུའི་ལས་དོན་གཙོ་གནད་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ལག་ལེན་བསྟར་ཅིང་། རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་། འགན་འཁྲི་འཁུར་ཕོད་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་འཇུག་སྒོ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་འབྲེལ་གནས། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ཤུགས་རྒྱག་ས་བཅས་འཕྱུགས་མེད་བཙལ་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་ཞུ་དང་འགན་ལེན་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་བསྟར་ནས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག། མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་ཤིང་། མགོ་ཁྲིད་ཚན་པ་དང་དཔུང་ཁག་སྣེ་ཁྲིད་ལ་དོ་དམ་ནན་པོ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་རུལ་རྒོལ་གཙང་སྤེལ་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་དེ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

   ཚོགས་འདུར《ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས་ནས་སྐབས་བརྗེ་རྗེས་ཀྱི་རྫོང(གྲོང་ཁྱེར)གི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》དང་། 《དཀར་མཛེས་ཁུལ་མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི།》 《ཁུལ་ཡོངས་ཀྱི་གྲོང་ཡུལ་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་དོན་ལ་སྔར་བས་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར།》 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མེ་ཟོན་བདེ་འཇགས་དོ་དམ་གཏན་འབེབས》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ཤིང་། འཚོག་ཉེར་ཡོད་པའི་ཁུལ་གྱི“ཚོགས་འདུ་གཉིས”ཀྱི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་ཡོད། གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ལོ་སར་གྱི་སྔ་རྗེས་སུ་བརྟན་ལྷིང་སྲུང་སྐྱོང་དང་། རིམས་ཚུལ་འགོག་ཟོན། འཚམས་འདྲིར་འགྲོ་བ། དུས་ཆེན་གྱི་ཐོན་བརྟན་མཁོ་སྤྲོད་འགན་ལེན། ཉེན་མེད་ཐོན་སྐྱེད། ལས་རེས་སྲུང་བ། དུས་ཆེན་ཡག་པོ་རོལ་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

     ཚོགས་འདུར་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།།

  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།