2023-01-12
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།
(2023ལོའི་ཟླ1ཚེས10ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ། 2023ལོའི་ཟླ་དང་པོའི་ཚེས9ཉིན་ནས་ཚེས10ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན127ཡོད་པ་དང་། མི207ཟུར་ཞུགས་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱིས་གཙོ་སྐྱོང་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཁྱོན་ཡོངས་ནས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། 2023ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས》ཞེས་པའི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས། གསུང་བཤད་ནང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་། དཀའ་གནད་ཀྱི་མངོན་ཚུལ་གཙོ་བོ། དཀའ་གནད་སེལ་བའི་ཐབས་ཤེས་བཅས་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་གི་དམིགས་འབེན་ལས་འགན་དང་ལག་ལེན་གྱི་བླང་བྱ་འཐུས་ཚང་འཛུགས་པའི་ཐད་གསལ་འགྲེལ་ཞིབ་ཕྲ་གནང་བ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ནི་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ། རྣམ་བཤད་གནད་ལ་འཁེལ་བ་བཅས་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕུགས་ལ་དགོངས་པ་བཞེས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་། སྒེར་སེམས་མེད་ཅིང་རང་ཉིད་དོར་བའི་བླ་ན་མེད་པའི་གནས་ཚད། མི་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས། གནད་དོན་ལ་ཐད་ཀར་ཕྱོགས་པའི་འགན་འཁྲི་འཁུར་སེམས་བཅས་གང་ལེགས་མཚོན་ཡོད། དེར་ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དང་། དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་བརྩི་སྲུང་ཞུ་ས་ཡིན་པས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་ནས་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དུས་དང་རྣམ་པ་ཀུན་ཏུ་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་ནས། ཏང་གི་རླབས་ཆེ་བའི་རང་ངོས་གསར་བརྗེ་མཐའ་གཅིག་ཏུ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེ་ཤོས་སུ་བརྩི་བ་དང་། སློབ་སྦྱོང་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་ངོ་མ་བྱེད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་། གོ་དོན་མཐིལ་རྟོགས། དོན་འཁྱོལ་མཐར་ཕྱིན་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་བ་དང་། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལག་ལེན་ངོ་མར་བསྒྱུར་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྔོན་ཐོན་དྭངས་གཙང་སྲུང་སྐྱོང་དང་། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཡུན་ནས་ཡུན་དུ་གནས་པར་བྱེད་པའི་ཕན་འབྲས་ངོ་མར་བསྒྱུར་དགོས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་བརྟན་འགྱུར་མེད་ངང་འཁུར་དགོས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་མཐའ་དག་ལ་སྤྱི་འདོམས་བྱེད་པ། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་གོང་བཀུར་ཞུས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་ལག་ལེན་བསྟར་བ། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་སྔར་ལས་ལེགས་པར་འཁུར་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་དང་།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་བཅས་ཡིན། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལས་འགན་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་དགོས་པ་སྟེ།
དང་པོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་ལ་ཤུགས་བསྣན་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་འགན་ལེན་བྱ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་ཏུ་བཏང་ནས། “ཡོད་པ་བདུན”གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་བྱ་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་འཕིགས་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ཐོག། ཁྱོན་ཡོངས་འཐུས་ཚང་གི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གོང་འཕེལ་གྱི་གནས་བབ་གསར་པ་ཇེ་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་གཞིགས་པ་དང་ཏང་ཀྲུང་དབྱང་གི་དུས་བབ་དང་བསྟུན་ནས་གཏན་འབེབས་གནང་བའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། ཁ་ཕྱོགས་མི་ནོར་བ་དང་། ངོ་བོ་མི་འགྱུར་བ། བཟོ་ལྟ་མི་ཤོར་བ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཡོང་བ་འགན་ལེན་བྱ་དགོས། གཉིས་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏང་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་ཞིབ་འཇུག་དང་བཟོ་བཅོས་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་གྱི་ཁྲིམས་སྲོལ་དང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། ཏང་གིས་གཅིག་གྱུར་མགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ལས་ཕྱོད་ཆེ་བ་བཅས་ཀྱི་བླང་བྱ་ལྟར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཆེད་འགན་འཁུར་བའི་ལྟ་སྐུལ་མ་ལག་དང་། ཏང་ནང་གི་ལྟ་སྐུལ་མ་ལག། རིགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་དང་གཞི་རིམ་གྱི་ལྟ་སྐུལ་མ་ལག་བཅས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པ་བྱ་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་ཚགས་དང་ཏན་ཏིག་བྱས་ནས་ལྟ་སྐུལ་རྟག་ཏུ་གནས་པ་དང་རྒྱུན་ལྡན་གྱི་རྣམ་པ་ཆགས་པ་བྱ་དགོས། གཙོ་འགན་འཁུར་མཁན་དང་མགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོས་རང་གཅུན་ནན་པོ་དང་། རང་འགན་ཡག་པོ་འཁུར་བ། རང་ཉིད་ཀྱི་དོ་དམ་ཁྱབ་ཁོངས་ལ་དོ་དམ་ནན་པོ་བྱ་རྒྱུ་བཅས་ལ་སྐུལ་མ་གཏང་དགོས། རྩིས་བཤེར་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་འགན་འཁྲི་བདའ་འདེད་གཏོང་བའི་མཚོན་ཆ་གང་ལེགས་སྤྱད་དེ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆུང་དུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས་ལ་འགན་འཁྲི་རྩད་གཅོད་ནན་པོ་མི་བྱེད་པ་ཡང་སྔོན་འགོག་བྱེད་དགོས། གསུམ་པ། ཆབ་སྲིད་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱ་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་གནས་བབ་འབུར་ཐོན་དང་། ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ། “སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་འཛིན་པ། བླང་བྱ་ནན་པོ་འདོན་རྒྱུ་དེ་སྐོར་གཟིགས་བརྒྱུད་རིམ་ཡོངས་ཀྱི་ལྷུ་ཚིགས་སོ་སོར་ལག་བསྟར་མཐར་ཕྱིན་བཅས་བྱ་དགོས། སྐོར་གཟིགས་ལས་དོན་སྐོར་གྱི་སྲོལ་ཡིག་བཟོ་བཅོས་རྒྱག་པ་དང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་གཏན་འབེབས་བྱ་དགོས། རྒྱུན་ལྡན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། བབ་བསྟུན་སྐོར་གཟིགས། སྐོར་གཟིགས་ལ“ཕྱིར་མིག་ལྟ་བ”བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ཀྲུང་དབྱང་གི་སྐོར་གཟིགས་ལ་སྐུལ་འདེད་གཏོང་བ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོ་དང་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་པ་དང་། སྐོར་གཟིགས་དང་སྐོར་གཡེང་གོང་འོག་མཉམ་འགུལ་གྱི་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། བཞི་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་མུ་མཐུད་དོན་འཁྱོལ་དང་། “སྤྱོད་ཚུལ་ངན་པ་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱ་དགོས། ཏང་གི་གཟུགས་བརྙན་ལ་གནོད་འཚེ་བཟོ་བ་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅོས་སྐྱོང་ནན་པོ་བྱེད་པ་དང་། ཡ་མེད་སྒྲིག་འགལ་གྱི་བྱ་སྤྱོད་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། བསྐྱར་ལོག་ཐེབས་པ་དང་གཟུགས་སྒྲིབ་གཞན་འགྱུར། འཐབ་རྩོད་ལ་ངལ་དུབ་འབྱུང་བ་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། བསྐྱར་ཟློས་རང་བཞིན་དང་ངན་རེངས་རང་བཞིན་ལྡན་པ་དང་། རྣམ་པ་འགྱུར་བ། མངོན་སུམ་མེད་པ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཐོག་ཡོ་བསྲང་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་འགན་འཁྲི་མི་འཁུར་བ་དང་ཤུགས་མི་རྒྱག་པར་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་བྱེད་ཐབས་དང་ལས་ཀའི་བཀོད་སྒྲིག་ལ་ཕྱོགས་རེ་བའི་བསམ་ཤེས་དང་། རེངས་འགྱུར་རྣམ་པའི་ལག་བསྟར། ཀླ་ཀློའི་ངང་བཀོལ་སྤྱོད་བཅས་བྱེད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། རང་འདོད་ལྟར་དབང་ཆ་གང་བྱུང་དུ་སྤྱོད་པ། དབང་ཆའི་ལྟ་བ་གཞན་འགྱུར་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཁྲུལ་བ། བྱ་གཞག་གི་ལྟ་བ་ནོར་འཛོལ་སོགས་ཀྱི་གནད་དོན་ཐད་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་འབྱུང་གཞི་འཕྱུགས་མེད་འཚོལ་བ་དང་། བཅོས་སྐྱོང་གནད་འཁེལ་དང་ཕན་འབྲས་དངོས་ཐོན་པ་བྱ་དགོས། “སྤྱོད་ཚུལ་ངན་པ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་རྒྱུ་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་དང་།ཏང་ཡོན་ལས་བྱེད་པར“ངེས་པར་དུ་བྱ་དགོས་པ་གསུམ”ཡིད་ལ་བརྟན་པོར་བཅངས་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། ལྔ་པ། ཏང་གི་སྒྲིག་ཁྲིམས་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། རྒྱུན་ལྡན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་ལྡན་གྱི་དོ་དམ་དང་ལྟ་སྐུལ་མཉམ་འདྲེས་ཐུབ་པ་བྱེད་པ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཡིད་ལ་བརྟན་པོར་ངེས་པ་བྱ་དགོས། ན་གཞོན་འགོ་ཁྲིད་ལས་བྱེད་པའི་སྒྲིག་ཁྲིམས་སློབ་གསོར་མཐོང་ཆེན་པོ་བྱེད་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་ཐོན་པའི་འབྲེལ་ཡོད་ཚན་པའི་ཏང་ཨུ(ཏང་ཙུའུ)ཡིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་གསལ་པོར་ཤེས་པ་བྱ་དགོས། ཏང་གི་སྒྲིག་ཁྲིམས་གཏན་འབེབས་དང་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཤེས་རྟོགས་ཐུབ་རེ་བཞིན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས།“རྣམ་པ་རིགས་བཞི”གནད་སྨིན་བེད་སྤྱོད་དང“དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ནས། ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་ཧུར་བརྩོན་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་བཏང་ནས། ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱ་དགོས། དྲུག་པ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕར་ཚད་སྔར་བས་བཀག་འགོག་ནུས་ལྡན་བྱེད་པ། བསགས་འབོར་སྔར་བས་ནུས་ལྡན་ངང་གཙང་སེལ་བྱ་དགོས། གཙོ་གནད་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ནས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྲིད་ཚོང་ངན་འབྲེལ་དང་མ་དངུལ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཆབ་སྲིད་ཀྱི་འབྱུང་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་རིགས་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། སྲིད་ཁྲིམས། འབྲུ་རིགས་ཉོ་ཚོང་སོགས་དབང་ཆ་གཅིག་སྡུད་ཆེ་བ་དང་མ་དངུལ་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། གཙོ་གནད་དམིགས་ཡུལ་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚམས་ཚད་མེད་པ་དང་སྙིང་ཆེན་ཧམ་པ་ཚ་པོའི་རིགས་གཙོ་གནད་དུ་བཟུང་བ་དང་། མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣས་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་སྒྲུབ་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོན་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱ་དགོས། རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས། ལྐོག་རྔན་ལེན་མཁན་དང་ལྐོག་རྔན་སྤྲོད་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྐོག་རྔན་སྤྲོད་པའི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་དར་སྤེལ་དང་རུལ་སུངས་བཀག་འགོག་བྱེད་པའི་དར་སྲོལ་བཟང་པོ་གཏོད་པ་དང་དར་སྤེལ་གཏང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག། “གནམ་དྲྭའི་བྱ་སྤྱོད”རྒྱུན་མཐུད་ངང་སྤེལ་ཏེ། བྲོས་བྱོལ་རྗེས་འདེད་དང་བྲོས་བྱོལ་སྔོན་འགོག། བརྐུས་ནོར་ཚུར་ལེན་བཅས་ཀྱི་ལམ་སྲོལ་གཅིག་གྱུར་ཐོག་འཛུགས་དགོས། བདུན་པ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བསྒྱུར་བཅོས་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་བསྒྱུར་བཅོས་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏིང་ཟབ་གཏོང་བའི“བསྒྱུར་བཅོས་གསུམ”གྱི་མགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། མངགས་སྡོད་ལྟ་སྐུལ་མ་ལག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མངགས་སྡོད་སྒྲིག་གཞི་དང་མངགས་གཏོང་སྒྲིག་གཞིས་ལྟ་ཞིབ་དབང་ཆ་ཁྱོན་ཡོངས་ནས་སྤྱོད་རྒྱུར་སྐུལ་འདེད་གཏང་དགོས། བསྒྱུར་བཅོས་ལ་བརྟེན་ནས་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་འབྲེལ་མཐུད་དང་། ཁུངས་སྣེ་བརྒྱུད་སྤྲོད། བྱ་ཐབས་གཞོགས་འདེགས། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏང་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཕན་ཚུན་འབྲེལ་མཐུད་དང་དབང་གྲགས་ལས་ཕྱོད་ཆེ་བའི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། བརྒྱད་པ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལས་འགན་ལྕི་ལ་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གཅིག་གཏོད་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། ཁོངས་གཏོགས་ཡོངས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་བཟང་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྕགས་ལྟ་བུའི་དམག་དཔུང་འཛུགས་སྐྱོང་བྱ་དགོས། ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་གང་ལེགས་དང་། བརྟག་དཔྱད་ཞིབ་འཇུག། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འཐབ་རྩོད་བྱེད་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྕགས་ལྟ་བུའི་དམག་དཔུང་འཛུགས་སྐྱོང་བྱ་དགོས། སྤྱོད་གཙང་འཛུགས་སྐྱོང་ལ་ཤུགས་བསྣན“རུལ་སུངས་མི་བྱེད་པ་གསུམ”གྱི་འདུ་ཤེས་དེ་རང་ངོས་འཛུགས་སྐྱོང་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ། ཕུང་འདྲེ་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། “སྒྲོན་འོག་མུན་ནག”འགོག་བཅོས་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། རང་ངོས་ཀྱི་གཞུང་དྲང་སྤྱོད་གཙང་གི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྕགས་ལྟ་བུའི་དམག་དཔུང་འཛུགས་དགོས་ཞེས་ནན་སྟོན་གནང་འདུག། ཚང་འཛོམས་གྲོས་ཚོགས་ཐོག། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་སྔར་ལས་ལྷག་པ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། རང་སྟོབས་རང་སྤེལ་དང་། དྲང་སྲུང་གསར་གཏོད། སྙིང་སྟོབས་ཆེར་སྐྱེད། དཔའ་མཛངས་རྟུལ་ཕོད་བཅས་བྱས་ཏེ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་བློའི་འཁྱེར་སོར་བརྟེན་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཨོ་རྒྱན་གྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10