ལས་ཀྱི་འཆལ་མགུར།

གངས་ཟེགས།        2023-02-14

ལས་དང་བོའི་མེ་ཏོག་ཆོས་ལ་བཞད།།ཆོས་པོ་ཏིའི་བང་རིམ་གསེབ་ལ་བཞད།།ཆོས་ཡིག་འབྲུ་རེ་རེར་མ་རྟོགས་ཀྱང་།།དོན་སྤྱི་ཁོག་ཙམ་ཞིག་བློ་ལ་འཆར།།དེ་ལོས་འཆར་ཆོས་ཀྱི་གྲོང་ཁྱེར་ནས།།བློ་ཆོས་སུ་ཕྱོགས་པའི་དམ་པ་ཚོས།།གཞི་འཁོར་འདས་གཉིས་ཀྱི་ངོ་བོ་བཤད།།ལམ་བདེན་པ་བཞི་ཡི་གནས་ལུགས་བསྟན།།ཆོས་བརྩད་ནས་བདེན་པ་མཐའ་རུ་རྟོགས།།དོན་གྲུབ་ནས་ཐར་བའི་ལམ་སྣེ་ཟིན།།ལམ་དེ་ལ་ཕྱོགས་པའི་གྱི་ན་ངས།།ཆོས་བཤད་པའི་སྐད་ཆ་གྲངས་ལས་འདས།།གྲངས་འདས་ཀྱང་གྲངས་འདྲེན་ཙམ་དུ་ལས།།ལས་མ་རུང་སྙིགས་མའི་སེམས་ཅན་ང་།།སེམས་མ་རུང་གོམས་པའི་བག་ཆགས་ཀྱིས།།ཆོས་འདུལ་བའི་ལྕག་གིས་མ་འདུལ་བའི།།སེམས་རྟ་རྒོད་འཁོར་བའི་རི་ལ་ཤོར།།དེ་ལོས་ཤོར་འཁོར་བའི་ཐང་ཆེན་ན།།གནས་འཇིག་རྟེན་ལང་ཚོའི་དཔྱིད་དཔལ་རྒྱས།།སེམས་བརྩེ་བའི་མཛའ་མཐུན་ཆུ་མོ་བཞུར།།ཞེ་སྣང་བ་ཉི་ཟླའི་འོད་ཁྱིམ་རྒྱས།།འོད་ཉི་ཟླའི་དྲོད་ཀྱིས་བསྐྱངས་པ་ཡིས།།གཞོན་ན་ཟླ་ལང་ཚོའི་མེ་ཏོག་བཀྲ།།དེའི་ནང་ནས་རོགས་ལོ་རྣམ་པར་བཀྲ།།དེ་བཀྲ་བའི་རི་མོ་ཚོད་ཅིག་མེད།།དེ་འདྲ་བའི་དཔེ་ཞིག་མེད་པར་སེམས།།སེམས་མ་དག་འཁྲུལ་བའི་བདག་གིས་ནི།།ལས་དག་པ་ལྷ་ཡི་ཞིང་ཁམས་ཀྱང་།།གནས་འདི་དང་འགྲན་པར་འཕྱང་མོ་ཉུག།དོན་དེའི་ཕྱིར་ལས་དམན་བདག་གི་ཡིད།།སྟེང་ལྷ་ཡི་དགའ་བདེར་མ་སྨོན་ཞིང་།།འོག་ཀླུ་ཡི་མཛོད་ཀྱང་མ་ཆགས་ཤིང་།།བར་དགའ་སྐྱོས་མྱོས་པའི་མི་ཡི་ཡུལ།།ཡུལ་རང་བྱུང་ཁམས་ཀྱི་སྒྱུ་མའི་གྲོང་།།ཡིད་དང་བའི་སྨོན་པ་ཤོར་སོང་བས།།ལས་མཐའ་མའི་མེ་ཏོག་འཁོར་བར་བཞད།།འཁོར་དགོས་པའི་རྒྱུ་ཡང་ཟད་མེད་འདྲ།།འཁོར་སྲིད་རྩེ་འཁོར་དང་མནར་མེད་འཁོར།།ལས་ཉོན་མོངས་ཁུར་ནས་ཁམས་གསུམ་འཁོར།།འཁོར་འཁོར་བས་མཐའ་མའི་མྱོང་བ་ཡིས།།བློ་འཁྲུལ་བའི་རྟག་འཛིན་ཆོད་པར་ཤོག།འཁོར་རིགས་དྲུག་གནས་ལས་ཐར་བར་ཤོག།



  • ལེ་ཚན་སྔོན་མ།:རྨ་འགྲམ་ནས་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།