མ་འོངས་པའི་གླིང་ཕྲན།

རི་སྤྱང་།        2023-03-06

ང་ཚོ་ལ་མ་འོངས་པར་བགྲོད་དགོས་པའི་གླིང་ཕྲན་རེ་རེ་ངེས་པར་དུ་ཡོད། ང་ཚོ་ལ་ཆ་རྒྱུས་མེད་པའི་ཡུལ་ལུང་མང་པོ་རེ་ཡོད། ལྡོག་ཐབས་མེད་པར་དུས་ཚོད་ཀྱིས་བཀོད་སྒྲིག་བྱེད་ཡོད་ངེས། ཁྱོད་ཀྱིས་སེམས་སུ་མི་འཇིག་པའི་ཁྲབ་རྨོག་གྱོན་ཡོད་དམ། རེ་བའི་སྟ་གོན་བྱས་ཚར་ཡོད་དམ། རི་བོ་དང་ཆུ་བོ། མཐའ་ཡས་པའི་རྩྭ་ཐང་བརྒལ་བ་ཙམ་གྱིས་ང་ཚོའི་ཡིད་སྨོན་བྱེད་པའི་ས་ཚིགས་དང་པོ་དེར་བསླེབས་ཟིན་པ་ཡིན་ནམ། འདི་ནས་རྒྱང་རིང་ལ་ལྟོས་དང་། གངས་རི་དཀར་པོའི་རྩེ་མོ་དགུང་ལ་བསྙེགས་པ་དེའི་སྟེང་དུ་སྤྲིན་དཀར་མང་པོ་འདུ་འགོད་ལྷོག་ལྷོག་བྱས་ནས་ལམ་ལ་ཆས་ཀྱིན་ཡོད་པ་ལ་ལྟོས་དང་། དུས་ཚོད་ཀྱི་འགྲོས་དང་གཤིབ་ནས་དལ་མོར་སྐྱོད་ཀྱིན་འདུག། བག་ཚ་ཞིང་རེ་དོགས་མེད་པའི་སྒོ་ནས་ལམ་ལ་ཆས་པ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད།

གང་དུ་ཆས་ཀྱང་རང་ཉིད་ཀྱི་ཡུལ་ལུང་བརྗེད་མི་སྲིད། ཐོག་མའི་དམིགས་ཡུལ་དང་འཆར་གཞི་ཡང་བརྗེད་མི་སྲིད། སོ་སོ་གསོན་ཡོད་པའི་བརྡ་རྟགས་སུ། བསམ་བློ་གཏོང་སྟངས་དང་དམིགས་པ་འཛིན་སྟངས་མི་གཅིག། དེ་བས་ངས་ཡིག་འབྲུ་འཚོལ་ཞིབ་བྱས་ཏེ་རང་ཉིད་ཡི་གེའི་ནགས་ཚལ་དུ་སྒྲུབ་པ་རྩེ་གཅིག་ལ་གཞོལ་རྒྱུའི་བློ་ཐག་སྔོན་ནས་རྦད་བཅད་བྱས་ཟིན། ཡིག་འབྲུ་རེ་རེ་འཚོལ་ཞིབ་བྱེད་པ་ལ་ཁེར་རྐྱང་གི་རྒྱ་མཚོ་བརྒལ་བའི་སྙིང་སྟོབས་ཤིག་དང་། སུ་ལ་ཡང་མི་འཇིགས་པའི་ཤེས་རིག་ཁྲབ་རྨོག་ཅིག་དགོས་པར་སེམས། ཡིག་འབྲུ་རེ་རེ་གསེང་དུ་རང་ཉིད་ཀྱི་ཚེ་སྲོག་གཏུམས་ནས་གང་སར་མཆོད། ཕངས་སེམས་མེད་པར་ས་འོག་ས་སྟེང་ས་བླ་ཀུན་ཏུ་མཆོད། འདི་ནི་རང་ཉིད་འཇིག་རྟེན་འདིར་གསོན་ཡོད་པའི་བརྡ་རྟགས་སྟོན་པ་ཙམ་མོ། །

དུས་ཚོད་ནི་མུ་ནས་མུ་རུ་འཁོར་བཞིན་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་རེད། སང་དང་ནངས་ལ་ནི་དུས་ནམ་ཡང་རྫོགས་མཐའ་མེད། རྫོགས་མཐའ་མེད་པ་ཞིག་ལ་ཐ་ན་སྙིང་ཉེ་བའི་རང་ཉིད་ཀྱང་རྫོགས་མཐའ་མེད་པའི་སྙོམ་ལས་སུ་བཞག་ནས་ཉལ་བར་མི་བྱའོ། ། ད་ནས་རང་ཉིད་མེ་ལོང་ཞིག་གི་ཚད་དུ་བཞག་ནས། ཡང་ཡང་རང་ཉིད་ལ་བལྟ་དགོས། འགྲོ་འཆག་ཉལ་འདུག་གི་དུས་ཚོད་ཡོངས་རྫོགས། མེ་ལོང་དུ་གསལ་པོར་བསྟན་ཐུབ་པར་འབད་པ་ཅི་ལྕོགས་བྱ་དགོས། མི་རྣམས་ཀྱི་མགོ་ཐོག་གི་ནམ་མཁར་དུ་སྨུག་གིས་བསྒྲིབས་ཟིན་ན་ཡང་། ད་དུང་རེ་བ་གནམ་ལ་བཅངས་ནས་ལེགས་འགྲུབ་བྱུང་བར་ཚོད་ལྟ་ཐེངས་ཤིག་བྱོས་དང་། རེ་འབྲས་གང་ཡང་འབྱུང་མི་སྲིད་པའི་བྱེ་མ་བཙིར་ནས་མར་ཨེ་ཐོན་སྙམ་པའི་སྟོང་བསམ་ལྟ་བུ་མ་ཡིན་པར། རང་རང་གི་གཟུགས་གཞི་འགུལ་ནས། ལྗང་མདོག་ལྡན་པའི་ལོ་མ་ཞིག་ལ་རེ་སྒུག་བྱས་ན་དེ་དང་མཐུན་པའི་འབྲས་བུ་རེ་སྨིན་པར་ཐེ་ཚོམ་མི་འདུག །

ཚེ་སྲོག་རྟ་རྔ་འདྲ་བ་དེ་མ་ཆད་བར་དུ། དབང་པོ་སྒོ་ལྔའི་མཐོང་ཐོས་མཚམས་མི་ཆད། འོ་ན་རང་གི་བསམ་བློ་རྒྱ་ཆེན་པོ་བཏང་སྟེ། དཔེར་ན། བར་སྣང་ལྟར་རྒྱ་ཆེ་བ། ས་གཞི་བཞིན་ཁོད་ཡངས་པ་ཡང་ན་གཏིང་མི་དཔོག་པའི་རྒྱ་མཚོ་ལྟ་བུ་ཞིག་ལ་ངོས་འཛིན་གནང་ནས། ས་ཡི་གོ་ལ་འདི་གོམ་སྟབས་ཆེན་པོས་བཅལ་ནས་སོང་དང་། སྐྱི་གཡའ་ལ། ཡ་ང་བ། དགོད་ཤོར་ལ། ལམ་ལྷོང་བྱུང་བ། གང་ལྟར་བློ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་གིས་ཁྱོད་རང་རེ་ཞིང་བསྒུགས་ནས་བསྡད་ཡོད། འདི་ནི་ཆོས་ཉིད་ཀྱང་ཡིན་ལ་དོན་དངོས་ཀྱང་ཡིན། འདི་དག་ལ་གདོང་ལེན་དང་འགོག་རྒོལ་ཇི་ལྟར་བྱ། སེམས་ཀྱི་ནུས་ཤུགས་མ་ཉམས་ན་རེ་བའི་འབད་པ་ནམ་ཡང་ལྷོད་མི་སྲིད། དལ་མོ་དལ་མོར་སྐྱོད་དང་། ལམ་བུ་ལ་ཟད་མཐའ་མེད། ལས་ཀྱིས་བཀོད་བསྒྲིགས་ཀྱང་དེ་ལྟར་ཡིན་པས། ཁྱོད་རང་འགྱུར་བ་མེད་པའི་རི་རབ་བཞིན་བརྟན་པོ་གྱིས་དང་ལམ་བུ་ལ་ཟད་མཐའ་མི་སྲིད་དོ། །


  • ལེ་ཚན་སྔོན་མ།:ཚེ་སྲོག་གི་གཟུངས་ཐག་དམར་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།