ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

ཀུན་དགས་བསྒྱུར།        2023-03-06

ཕྱག་ཕྲེང་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་ཅན་ཁྱིམ་དུ་ལས་ཞུགས་ཐུབ་པར་རོགས་རམ་བྱས།

ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་དབང་པོ་སྐྱོན་ཅན་ཚོར་གླ་ཆ་སྤྲོད་བཞིན་པའི་ཚུལ།

ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་དཔའ་བོ་གྲོང་སྡེའི་ཡན་ལག་དབང་སྐྱོན་ཅན་རིམ་པ་དང་པོ་དོན་འགྲུབ་ཀྱིས་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣའི་ལག་ནས་ལག་ཕྲེང་ལས་སྣོན་ངལ་ལས་ཐོབ་པའི་དངུལ་སྒོར3200བཟུང་ནས། དེ་རིང་སྒོར་མོ་ལག་ཏུ་འབྱོར་བས་སེམས་ཧ་ཅང་དགའ་པོ་བྱུང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་གཅེས་སེམས་མི་སྣས་ང་ཚོར་རང་ཁ་རང་གསོའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

དབང་སྐྱོན་ཅན་ཁག་གཅིག་གི་བྱ་སྤྱོད་སྟབས་བདེ་མིན་པ་དང་ལུས་སྟོབས་ཞན་པ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། ཕྱག་ཕྲེང་རྫོང་དབང་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ལག་ཕྲེང་ལས་སྣོན་སོགས་དབང་སྐྱོན་ཅན་གྱིས་ཁྱིམ་དུ་ལས་ཀ་སྒྲུབ་ཆོག་པ་དང་། ཁོ་ཚོར་རང་ཚུགས་རོགས་རེས་ཀྱི་ལས་སྟེགས་བཙུགས་ནས་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པར་བྱས།

ཡོང་འབབ་མེད་པ་ནས་ཡོང་འབབ་མང་བའི་ལམ་བུ་བཏོད།

ཞིང་འཕྲུལ་གྱིས་ངའི་རྐང་པར་རྨས་སྐྱོན་བཟོས་རྗེས་ངའི་ལས་ནུས་རྦད་དེ་ཤོར་སོང་། དེ་རྗེས། རྫོང་དབང་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་རིན་མེད་ངང་རྐང་རྫུན་སྒྲིག་སྦྱོར་བྱས་མཐར་གཞི་ནས་ཡར་ལངས་ཐུབ་སོང་། འོན་ཀྱང་རིག་གནས་ཡག་པོ་མེད་པ་དང་ལུས་སྟོབས་ཞན་པས། རྙོག་འཛིང་ཆེ་བའི་ལག་རྩལ་སྦྱངས་ན་མི་འགྲིག་པ་དང་ཞིང་ལས་སོགས་གང་ཞིག་བྱེད་ཀྱང་ཤུགས་གང་ཡང་འདོན་ཐུབ་ཀྱི་མེད། ཕྱིས་སུ་དབང་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་ང་ལ་ཐབས་ཤེས་བཟང་པོ་ཞིག་ཇུས་འགོད་བྱས་བྱུང་ཞེས་དོན་འགྲུབ་ཀྱིས་ཁོའི་ལོ་རྒྱུས་བཤད།

གཟུགས་པོར་རྨས་སྐྱོན་ཕོག་པའི་དབང་སྐྱོན་ཅན་ལ་མཚོན་ན་ལས་ཀ་འོས་འཚམ་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་མིན། དབང་སྐྱོན་ཅན་གྱི་སེམས་ཁྲལ་དང་།དཀའ་ངལ།རེ་སྒུག་བཅས་ཀྱི་གནད་དོན་ཤུགས་ཡོད་རྒུས་ཐག་གཅོད་བྱ་ཆེད།ཕྱག་ཕྲེང་རྫོང་དབང་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒོ་རྩར་ཞབས་འདེགས་ཞིབ་ཕྲ་ཞུ་བར་བསྐྱོད་པ་དང་འབྲེལ་ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་བརྩོན་ལེན་ཧུར་ཐག་བྱས་ཏེ་དབང་སྐྱོན་ཅན་ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་འགག་གནད་བསལ་ནས་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད།

གནས་ཚུལ་མཐིལ་རྟོགས་ཚགས་བཤེར་གང་ལེགས་བྱས་པར་བརྒྱུད། ཕྱག་ཕྲེང་རྫོང་དབང་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་དེ་གའི་ལག་ཕྲེང་བཟོ་རྩལ་གྱི་མ་གནས་དམའ་བ་དང་། ལག་རྩལ་སྟབས་བདེ་བ། ལག་རྩལ་བྱང་ཆུབ་སླ་བ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལག་ཕྲེང་ལག་ཤེས་བཟོ་རྩལ་གྱི་ལས་སྣོན་ཇུས་གཞི་བཟོས་ནས་དབང་པོ་སྐྱོན་ཅན་རྣམས་རང་ཁྱིམ་དུ་ལས་ཞུགས་ཐུབ་པ་བྱས་ཡོད།

2022ལོར་ཇུས་གཞི་དེར་ཅན་ཏེ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་ཕྱག་ཕྲེང་རྫོང་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། ཕྱོགས་གཉིས་པོས་མཉམ་དུ་མ་དངུལ་བཏོན་ནས་ལས་སྣོན་ལ་མཁོ་བའི་འཕྲུལ་འཁོར་དང་། ཚད་གཞི། བརྡར་འཁོར། ཐུམ་སྒམ། མུ་ཏིག་རྒྱུ་ཆ་བཅས་ཉོས་ཏེ་དེ་དག་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་སྤྲད་ཡོད།

ལག་ཕྲེང་ཐོན་རྫས་གྲུབ་རྗེས་ཕྱིར་འཚོང་ཐུབ་མིན་ནི་འགག་རྩ་ཡིན་ཞིང་། དེར་བརྟེན་ཕྱག་ཕྲེང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱོགས་མང་པོ་ནས་འབྲེལ་གཏུག་བྱས་ཏེ་བྲིན་ཚོང་ཐབས་ལམ་འཚོལ་བ་དང་། ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་གྱིས་ཕྱག་ཕྲེང་རྫོང་གི་ལས་དོན་རུ་ཁག་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་ཟམ་པ་དང་འབྲེལ་ཐག་གི་ནུས་པ་བཏོན་ནས་ཡུལ་སྐོར་རོགས་ཟླའི་མཛད་སྒོ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས། རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། འཕྲིན་ཕྲན་སྤྱི་ཨང་སོགས་ཀྱི་ལས་སྟེགས་བཙུགས་ནས་དྲིལ་བསྒྲགས་ཁྱབ་གདལ་བཏང་ཡོད།

རག་ཝ་ཡུལ་ཤོག་རག་སྨད་གྲོང་སྡེའི་ཡན་ལག་དབང་པོ་སྐྱོན་ཅན་རིམ་པ་གཉིས་པའི་ཨ་པད་ཀྱིས་དགའ་སྤྲོའི་ངང་དེ་རིང་ལག་ཕྲེང་ལས་སྣོན་གླ་ཆ་སྒོར3300ལག་ཏུ་རག་པས་སེམས་སྐྱིད་བྱུང་། མང་ཉུང་གང་ལྟར་ཡིན་རུང་ཚང་མ་རང་ཉིད་ཀྱིས་དཀའ་སྤྱད་ངལ་རྩོལ་ལས་ཐོབ་པ་ཤ་སྟག་ཡིན་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད།

གཅིག་ཕན་གཅིག་རོགས་ཀྱི་ལས་སྟེགས་བསྐྲུན།

ཕྲེང་སྟོད་གྲོང་རྡལ་ཤུར་པ་གྲོང་སྡེར་དམའ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་ཡན་ལག་དབང་པོ་སྐྱོན་ཅན་རིམ་པ་དང་པོ་ཡིན་པའི་ཚེ་རིང་སྟོབས་ལྡན་ཟེར་བ་ཞིག་ཡོད། ཁོས་འཕྲིན་ཕྲན་གྱི་བརྙན་ལམ་ནས་དབང་པོ་སྐྱོན་ཅན་གཞན་དག་ལ་ཇི་ལྟར་བྱས་ཏེ་ཕྲེང་མ་བདམ་དགོས་པའི་སྐོར་ནས་སློབ་ཁྲིད་བྱེད་བཞིན་ཡོད།

ཚེ་རིང་སྟོབས་ལྡན་ནི་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབོད་སྐུལ་དང་དུ་ལེན་མཁན་ཐོག་མ་ཡིན་ལ། ལས་སྣོན་ལག་རྩལ་ཤེས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཀྱང་ཡིན། ཁོས་ལས་སྣོན་བྱས་པའི་ཐོན་རྫས་ཧ་ཅང་ཡག། རང་མགོ་ཐོན་དུས་གཞན་ལ་རོགས་རམ་བྱ་རྒྱུ་ནི་ཁོའི་མི་ཚེའི་འདོད་མོས་ཡིན་ཞིང་། ཚེ་རིང་སྟོབས་ལྡན་གྱིས་མ་བསྐུལ་དང་ལེན་ངང་དབང་པོ་སྐྱོན་ཅན་གཞན་དག་ལ་རིན་མེད་ངང་ལག་རྩལ་སློབ་ཀྱི་ཡོད།

ཚེ་རིང་སྟོབས་ལྡན་གྱིས་ལག་ཕྲེང་ལས་སྣོན་གྱི་ལག་རྩལ་དེ་ཕར་བལྟས་ན་སྟབས་བདེ་ཞིག་ཏུ་སྣང་ཡང་དངོས་སུ་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་དཀའ་ཁག་ངེས་ཅན་ཞིག་ཡོད། བྱ་སྤྱོད་ཚང་མ་སྟབས་བདེ་པོ་མེད་པའི་དབང་གིས་ཚང་མར་དཀའ་གནད་འཕྲད་སྐབས་བརྙན་ལམ་བརྒྱུད་ནས་ང་ལ་བློ་འདྲི་བྱེད་བཞིན་འདུག་ཅེས་བཤད།

ཐོག་མར་དབང་པོ་སྐྱོན་ཅན་ཁག་གཅིག་གིས་ལས་སྣོན་བཟོ་རྩལ་ལ་བསམ་གཞིག་བྱས་མོད། འོན་ཀྱང་འབྲེལ་ཡོད་ལག་རྩལ་གྱི་གནད་འགག་ཁོང་དུ་ཆུད་མེད་པས་ལས་སྣོན་ལས་ཐོན་པའི་ཕྲེང་རྡོག་གི་ཆེ་ཆུང་མི་འདྲ་བས་ཐོན་རྫས་ཀྱི་སྤུས་ཚད་ཀྱང་མི་འདྲ། ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་ཆེད། ཚེ་རིང་སྟོབས་ལྡན་གྱིས་ལས་སྣོན་ཚད་གཞི་བཟོས་པས་མ་ཚད། ངང་རྒྱུད་རིང་པོའི་མཛུབ་ཁྲིད་འོག་ཐོན་རྫས་ཚང་མ་ཁྲོམ་རའི་དགོས་མཁོའི་ཚད་གཞི་དང་མཐུན་ཡོད།

ཚེ་རིང་སྟོབས་ལྡན་གྱིས་ཕྲེང་རྡོག་ཅི་འདྲ་བྱས་ནས་བདམ་དགོས་པ་དང་། ལག་ཕྲེང་རེར་ཕྲེང་རྡོག་ཅི་ཙམ་སྦྱར་དགོས་པ། ཕྲེང་བ་རེ་རེ་བཞིན་ཇི་འདྲ་བྱས་ནས་མཛེས་པོ་བྱ་དགོས་པའི་སྐོར་ལ་ཚང་མར་ཤེས་བྱ་ངེས་ཅན་ཞིག་ཡོད་དགོས་པ་དང་། ཚད་དང་མཐུན་པ་དང་ཐ་ན་ཐོན་རྫས་ཕུལ་བྱུང་དུ་འགྱུར་དགོས་ཚེ་ད་དུང་བླང་བྱ་ནན་པོ་འདོན་དགོས་ཞེས་བཤད།

དེ་སྔ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་དགེ་རྒན་ཁྲིད་དེ་ཁྱིམ་དུ་ཡོང་ནས་ང་ལ་སྒྲིག་ཆས་བཟོ་རོགས་བྱས་བྱུང་། དེ་རྗེས་ལས་སྣོན་བྱེད་དུས་གློ་བུར་དུ་འཕྲུལ་ཆས་མི་འགུལ་བས་ཅི་བྱ་གཏོལ་མེད་དུ་གྱུར། དེ་འཕྲལ་ངས་དགེ་རྒན་ཚེ་རིང་སྟོབས་ལྡན་ལ་འབྲེལ་བ་བྱས་པ་ཡིན། ཁོང་གིས་བརྙན་ལམ་ནས་འགྲེལ་བཤད་ཞིབ་ཕྲ་བྱས་ཏེ་ང་ལ་དུས་ཐོག་ཏུ་རོགས་རམ་བྱས་བྱུང་། སྒེར་སེམས་མེད་པ་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གདོང་གསུམ་ཡུལ་ཤོག་འཇང་ལུང་གནས་སྤོས་གྲོང་སྡེའི་ཡན་ལག་དབང་པོ་སྐྱོན་ཅན་རིམ་པ་དང་པོ་ཡིན་པའི་ཉི་མས་དེ་ལྟར་བཤད་པ་རེད།

ཕྱག་ཕྲེང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཀྲུང་ཉིང་གིས་ལག་ཕྲེང་ལས་སྣོན་ལས་སྤྱི་ཚོགས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། དེས་དབང་པོ་སྐྱོན་ཅན་རྣམས་ཁྱིམ་དུ་ལས་ཞུགས་ཐུབ་པར་མ་ཟད། དེ་བས་གདེང་ཚོད་ལྡན་པའི་ངང་སྤྱི་ཚོགས་སུ་མཉམ་དུ་འདྲེས་ནས་རང་ཉིད་ཀྱི་རིན་ཐང་ཡང་མངོན་ཐུབ་ཡོད། ཕྱིན་ཆད་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་རྒྱས་ཟུང་དུ་སྦྲེལ་བའི་བརྒྱུད་རིམ་ནང་ང་ཚོས་བརྩེ་སེམས་ཆེན་པོས་དབང་པོ་སྐྱོན་ཅན་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་ཏན་ཏིག་བྱ་དགོས་ཞེས་བཤད་པ་རེད།།





  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཞིང་ཆེན་ནོར་སྲིད་ཐིང་དུ་ལས་དོན་བཞུགས་མོལ་གནང་བར་ཕེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།