རྒྱང་རིང་དུ་བསྐུར་བའི་ཞུ་མཆིད།

རུས་རྐང་དྭངས་མ།        2024-04-29

            སྡེབ་ལེགས་ཉམས་འགྱུར་སྟོང་གིས་བརྒྱན་པ་ཡི། །

ངག་གི་སྨོན་སེམས་གངས་ལ་བྲིས་པ་ཡིས། །

ཡིད་འོང་སོ་དཀར་འཛུམ་པའི་དབྱངས་ཅན་མ། །

ཚིག་གི་ཟིལ་བ་ཆགས་སའི་ཞོགས་པ་ཡིན། །

གཤིས་ཀྱི་རླབས་ཕྲེང་སྔོན་མོ་དལ་གྱིས་བཞུར། །

རྒྱང་རིང་ཟླ་བའི་ལས་དབང་ལྷོ་རུ་བཅོལ། །

རེ་དོགས་མཚོ་མོ་འཁྱིལ་བའི་རྫིང་བུ་དེ། །

སེམས་པའི་སྨུག་ལོང་འཐིམ་སའི་གནས་མལ་ཡིན། །

ས་ཡི་རྩི་ཤིང་གནམ་གྱི་སྐར་མ་བཅས། །

ཡུན་རིང་དལ་གྱིས་རྒྱུ་ཞིང་འཚོ་བ་ན། །

ལོ་ཟླའི་འགྲོས་ཀྱིས་འདེད་པའི་དུས་ཚིགས་དེ། །

རེ་བའི་རྨི་ལམ་འཁོར་སའི་སྒེའུ་ཁང་ཡིན། །

དགུན་གསུམ་གངས་དང་ཁ་བའི་གྲོང་གིས་མནར། །

དབྱར་གསུམ་ཆུ་དང་ཆར་བའི་རྔུལ་གྱིས་བརླན། །

དྲོ་གྲོང་དུས་ཀྱི་འཁོར་བའི་ལོ་ངོ་དེ། །

གཙང་ཆུ་མཉམ་དུ་འཐུང་བའི་རྫི་བོ་ཡིན། །

སྣ་མང་ཤེས་བྱ་འཛོམས་པའི་ཁོར་ཡུག་ཏུ། །

ཕུགས་བསམ་འོད་ཀྱི་ལམ་བུར་སྙེག་པ་ཡི། །

ཤེས་བརྩོན་འདབ་མ་ཐོགས་པའི་གཞོན་ནུ་དེ། །

ཚེ་ཡི་དབུགས་དབྱུང་གསོས་པའི་སྨན་མཆོག་ཡིན། །

མཁའ་ཡི་སྐར་ཆེན་འཛུམ་པའི་བཞིན་རས་ངོམ། །

ནགས་ཀྱི་ཚང་ཚིང་རླུང་བུས་དལ་གྱིས་ལྡང་། །

རྒྱང་བཞུད་ཆུ་འཛིན་དཀར་པོའི་རྗེས་ཤུལ་དེ། །


  • ལེ་ཚན་སྔོན་མ།:ངའི་སེམས་ཀྱི་སྒྲོལ་མ་དཀར་མོ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཕ་ཡུལ།