སེམས་ཀྱི་ཕ་ཡུལ།

ལྡོང་འཇིགས་སྲས།        2024-04-29

             ཕ་ཡུལ་ཟེར་བ་ཅི་ཞིག་ཡིན་ནམ།།

ཡིད་དང་བརྩེ་བའི་ཕུགས་ན་ཡིབ་ཅིང་།།

དྲན་པའི་ནང་གི་མཛེས་རྒྱན་ཐོགས་པའི།།

སེམས་ཀྱི་གསོན་ཤིང་ཡིན་ན་བསམ་བྱུང་།།

ཕ་ཡུལ་ཟེར་བ་གངས་རི་དཀར་པོ།།

ཁ་བའི་ནང་གི་རིན་ཆེན་ཤེལ་དཀར།།

འོད་ཀྱི་ཟིལ་བ་ཕྱོགས་སུ་ཁྱབ་པའི།།

མི་ཡུལ་ཁམས་ཀྱི་དག་ཞིང་ཉག་གཅིག།

ཕ་ཡུལ་ཟེར་བ་སྤྲིན་དང་སྨུག་རྒྱུ།།

གློ་བུར་བསྒྲུངས་ཏེ་གང་སར་ཡ་ལ་འགྲོ།

སྨུག་སྤྲིན་ནང་གི་འཇའ་ཚོན་འདྲ་ལེ།།

གློག་ཞུ་གྲངས་ཀྱིས་བསྐོར་བའི་གྲོང་རྡལ།།

ཕ་ཡུལ་ཟེར་བ་མེ་ཏོག་རྐང་གཅིག།

དུས་བཞིའི་ལོ་ཟླ་རིམ་གྱིས་བགྲོད་ཀྱང་།།

གསུབ་མེད་སེམས་ཀྱི་ས་ན་འབུས་པའི།།

སྒེག་པའི་ཟོལ་གྱིས་རབ་ཏུ་བཞད་མ།།

ཕ་ཡུལ་ཟེར་བ་གཡུ་འབྲུག་འཁྱུག་འགྲོས།།

ལྡང་འགྲོས་བར་ན་སྦྲང་ཆར་འདོད་འཇོ།།

ས་འཛིན་མཛངས་མའི་པང་ན་ཆགས་པའི།།

དབྱངས་ཀྱི་སྙན་པ་ཕྱོགས་སུ་སྒྲོག་པ།།

ཕ་ཡུལ་ཟེར་བ་དུས་ཀྱི་བསྐལ་པའི།།

རང་དབང་དང་ནི་འཛིན་པ་ཆ་གཅིག།

རིགས་ཀྱི་ནོར་འཛིན་གྲོགས་སུ་སྡེབ་པའི།།

འཛངས་གཞུག་གླིང་གི་ལྷ་སྒྲུང་དེ་འོ།།

ཕ་ཡུལ་ཟེར་བ་གཞི་བྲལ་མེད་དགག།

རིང་ནས་བརྩེ་བའི་ཞིང་ལ་བཀོད་ཚེ།།

མིག་ཆུའི་ནང་གི་ཞེན་ཆགས་འཕེན་ས།།

འདས་པའི་རྩ་རྒྱས་བཏང་ནས་སློག་འདྲ།།

ཕ་ཡུལ་ཟེར་བ་ག་འདྲ་ཡིན་ནམ།།

ཆུང་ནས་བཤད་ན་གཡུ་ལྗོངས་རྩྭ་ཐང་།།

ང་རང་ཆུང་དུས་གཉོམ་ལག་རྒྱས་ས།།

རྫ་ཆུ་ནགས་གསུམ་འཛོམས་པའི་གནས་མཆོག།


  • ལེ་ཚན་སྔོན་མ།:རྒྱང་རིང་དུ་བསྐུར་བའི་ཞུ་མཆིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།