གཞིས་ཁང་གསར་པར་བསྡད། འཚོ་བ་གསར་པར་རོལ།

ཀུན་དགས་བསྒྱུར།        2023-03-22

ཉེ་བའི་ལོ་ཤས་རིང་།དཀར་མཛེས་རྫོང་གིས་ཕྱོགས་མང་ཤུགས་འདོན་དང་གཙོ་ཁྱོན་ཟུང་འབྲེལ་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་གཅིག་འདོམས་དང་། མཛེས་སྡུག་ལྡན་པའི་གྲོང་སྡེ་སྐྲུན་པ་དམིགས་འབེན་དུ་བྱས་ནས་འཆར་འགོད་སྣེ་ཁྲིད་དང་།ཚོད་ལྟ་སྔོན་སྤེལ།སྔོན་སླ་རྗེས་དཀའ།རིམ་བགོད་ལག་བསྟར་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ཏེ་ཡུལ་དར་རྒྱས་གཏོང་བའི་འབྲེལ་མཐུད་མ་དངུལ་སྤྱད་དེ་གྲོང་མིར་སྡོད་ཁང་བསྐྲུན་རྒྱུའི་ཁ་གསབ་སྤྲོད་པ་དང་། ཁང་རྙིང་སྒྱུར་བཀོད་ལ་བསྐུལ་ནས་ས་གནས་དེ་གའི་ཁྱད་ཆོས་མངོན་གསལ་དོད་པ་དང་སྐྱེ་ཁམས་དང་སྡོད་རྒྱུར་འཚམ་པའི་མཛེས་སྡུག་གི་གྲོང་སྡེ་གསར་པ་ཤུགས་ཡོད་རྒུས་བཏོད་དེ་ཞིང་འབྲོག་མང་ཚོགས་ཁག་རེ་རེར་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱས་ཡོད།

ཉེ་ཆར།གསར་འགོད་པ་མཚོ་འཕགས་སྨི4000ལྷག་ཡོད་པའི་ཚྭ་རྩྭ་ཡུལ་ཤོག་གསེར་ཡུལ་ཐང་གྲོང་སྡེར་སྐྱོད་སྐབས་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པའི་ཁང་གསར་རེ་རེ་བཞིན་མིག་ལམ་དུ་མཐོང་བ་དང་། ཁང་པ་དེ་དག་གི་འཛུགས་སྐྲུན་འཆར་འགོད་ཐད་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བཟོ་བཀོད་ཕུན་སུམ་ཚོགས་པོ་ཡིན་ཞིང་། དེ་གའི་མི་དམངས་མང་ཚོགས་ཀྱིས་ལུས་ལ་གོས་གསར་གྱོན་ནས་ཁང་པའི་མདུན་དུ་སྐོར་བྲོ་འཁྲབ་བཞིན་པ་མཐོང་།

དར་དམར་ལྷབ་ལྷུབ་ཏུ་གཡོ། དུ་བ་ལང་ལོང་དུ་འཕྱུར། གླུ་ལེན་གར་འཁྲབ་བྱས་ནས་གྲང་ངར་ཆེ་བའི་མཐོ་སྒང་དུ་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། ས་གནས་དེ་གའི་བགྲེས་སོང་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཉིན་དེ་ནི་ཁོང་རང་སྡོད་ཁང་གསར་པའི་ནང་སྤོས་པའི་ཉིན་མོ་ཡིན་ཞིང་།ཡུལ་མི་ཚོ་ཁོང་གི་ཁྱིམ་དུ་ཡོང་ནས་འཁྲུག་ཆ་དོད་པའི་གསོལ་སྟོན་ཞིག་བཤམས་ཡོད། རྒྱ་ཁྱོན་སྨི་གྲུ་བཞི་མ128ཡས་མས་ཡོད་པའི་ཁང་པ་གསར་པའི་ནང་གཙང་སྦྲ་དོད་པ་དང་།དྲོ་པོ་ཡོད་པ།སྟབས་བདེ་བ་བཅས་ཀྱི་ཚོམས་ཆེན་ཡོད་པར་མ་ཟད། ད་དུང་ཁྱིམ་ཆས་གསར་པ་སྒྲིག་སྦྱོར་ཆ་ཚང་ཡོད། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་སར་ནང་སྡོད་པ་ནི་ས་གནས་དེ་གའི་རྒན་རྒོན་གྱི་ངོས་ནས་བརྗོད་ན་རྨི་ལམ་ལྟ་བུར་སྣང་།

གསེར་ཡུལ་ཐང་གྲོང་སྡེའི་ཡུལ་མི་རྟ་མགྲིན་གྱིས་དེ་སྔ་ས་ཆ་འདིར་རི་ཉིལ་བ་དང་།འཐུང་ཆུ་དཀོན་པ། རྟག་ཏུ་རི་ཉིལ་བའི་རྐྱེན་གྱིས་འཐུང་ཆུ་བཙོག་པ་ཆགས་པ། སྡོད་ཁང་ཐབས་ཆག་ཡིན་པ། ས་བབ་ཞན་པ་སོགས་འཚོ་བའི་ཐད་དཀའ་ངལ་འཕྲད་སླ་བ་ཡིན་ཞིང་། ད་ཆ་སྡོད་ཁང་བདེ་བར་མ་ཟད་གློག་དང་ཆུ།གསང་སྤྱོད་ཁང་བཅས་ཡོད། དེ་ནི་རྒྱལ་ཁབ་དང་དཀར་མཛེས་རྫོང་ཨུ། རྫོང་སྲིད་གཞུང་། ཚྭ་རྩྭ་ཡུལ་ཤོག་ཏང་ཨུ་དང་གྲོང་སྡེའི་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་བྱུང་བ་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

གཞིས་ཁང་གསར་པར་སྡོད་ཐུབ་པ་དང་འཚོ་བ་གསར་པ་སྐྱེལ་ཐུབ་པ། བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ། བདེ་འཁོད་ནི་གོམ་སྟབས་དང་པོ་ཡིན་ཞིང་། དམངས་ཕྱུག་དང་བདེ་སྐྱིད་ནི་མཐར་ཐུག་གི་དམིགས་ཡུལ་ཡིན། ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་། རྫོང་སྲིད་གཞུང་།ཚྭ་རྩ་ཡུལ་ཤོག་བཅས་ཀྱི་འབད་བརྩོན་འོག་སྡོད་ཁང་རྒྱག་པའི་ལག་ཤེས་པར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བས་ཞིང་འབྲོག་མང་ཚོགས་རྣམས་བདེ་སྡོད་དང་མགྱོགས་མྱུར་ཕྱུག་པོ་ཆགས་ཐུབ་པ་བྱུང་ཡོད།

གསེར་ཡུལ་ཐང་གྲོང་སྡེའི་ཡུལ་མི་ལྷ་ངག་གིས་དེ་སྔོན་ལག་རྩལ་གང་ཡང་མེད་པ་དང་ཡོང་འབབ་ཀྱང་དམའ་པོ་ཡིན། དེའི་རྗེས་ནས་ཤིང་བཟོའི་གསོ་སྦྱོང་ནང་ཞུགས་རྗེས་གཞི་ནས་ལག་རྩལ་ཞིག་ཁོང་དུ་ཆུད་བྱུང་། སྡོད་ཁང་རྒྱག་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་སྡོད་ཁང་ནི་ངས་ཇུས་འགོད་དང་མཛེས་བཟོ་བྱས་པ་ཡིན་པས་སྒོར་སྐར་གཅིག་ཀྱང་བཏང་མེད། ཁྱིམ་མཚེས་དུད་ཚང་གཉིས་ཀྱི་སྡོད་ཁང་ཡང་ངས་མཛེས་བཟོ་བྱས་པ་ཡིན། ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་རག་བྱུང་། འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད།

ཚྭ་རྩྭ་ཡུལ་ཤོག་གི་འགོ་གཙོ་ཀྲེན་ཏིང་ཡུང་གིས་འཛུགས་སྐྲུན་དུས་འགོར་ང་ཚོའི་ཡུལ་ཤོག་གི་ས་ཞིང་ཐོན་ཁུངས་དཀོན་པ་དང་གཅིག་སྡུད་ཡུག་སྦྲེལ་གྱི་སྡོད་ཁང་རྒྱག་སའི་ས་ཆ་མེད་པས་ངེད་ཡུལ་ཤོག་གིས་རང་འགུལ་ངང་གླ་སྤྲོད་མི་དགོས་པའི་འཕྲུལ་ཆས་དང་མཐུན་སྦྱོར་བྱས་ནས་གྲམ་ཐང་གི་འདམ་རར་འདམ་རྫབ་བསྔོགས་པར་མ་ཟད།ད་དུང་བླང་བྱ་དང་མཐུན་པའི་རྡོ་དྲེག་ཕྱེ་མ་བྲིས་ནས་སྡོད་ཁང་རྒྱག་སའི་ས་ཆ་གསར་དུ་སྤེལ་ནས་མང་ཚོགས་ལ་དུས་འགོའི་འགྲོ་གྲོན་སྒོར་ཁྲི28གྲོན་ཆུང་བྱས་ཡོད། འདི་ལོ་ངེད་ཡུལ་ཤོག་གིས་མུ་མཐུད་དོན་གཉེར་དང་།དམངས་ཆེད་དོན་གཉེར།དངོས་སྒྲུབ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དུད་ཚང41གི་སྡོད་ཁང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བཟོ་ལས་ཀྱིས་སྦྱོང་བརྡར་གྱི་ཚབ་བྱེད་པའི་བྱེད་ཐབས་ཐོག་ནས་ས་གནས་དེ་གའི་གློག་གི་ཚ་ལ་རྒྱག་མཁན་བཟོ་པའི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་སྤུས་ཚད་ལེགས་ཤོས་དང་།ལས་ཕྱོད་ཆེ་ཤོས།མ་གནས་དམའ་ཤོས་བཅས་ཀྱི་ཐོག་ནས་དམངས་ལ་ཕན་པའི་ལས་དོན་གལ་ཆེན་དོན་འཁྱོལ་བྱས་ཏེ་ཏང་གི་དྲོད་ཁོལ་ཞིང་འབྲོག་མང་ཚོགས་ལ་སྦྱིན་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། བཅོས་བསྒྱུར་གསུམ་དང་ལེ་ལག་ཚང་བའི་སྡོད་ཁང་གསར་པའི་ལས་གྲྭ་ནི་ཞིང་འབྲོག་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་དམངས་ཕན་ལས་གྲྭ་ཞིག་རེད། ཚྭ་རྩྭ་ཡུལ་ཤོག་གིས་གྲོང་སྡེ་རེར་འཆར་འགོད་རེ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྡོད་ཁང་རྒྱག་མཁན་གྱི་འདོད་བློར་བརྩི་འཇོག་དང་བཅོས་བསྒྱུར་གསུམ་དང་ལེ་ལག་ཚང་བའི་སྡོད་ཁང་གསར་པའི་ལས་གྲྭ་དང་།གྲོང་སྡེ་གསར་པ་འཛུགས་སྐྲུན།གྲོང་སྡེ་ཕྱོགས་བསྡུས་བཅོས་སྒྲིག། མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་སོགས་ཟུང་འབྲེལ་དམ་ཟབ་བྱས་པས་གྲོང་སྡེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ད་སྔའི་བར་གསེར་ཡུལ་ཐང་གྲོང་སྡེར་ཆུ་དང་།གློག། དྲོད་བཅས་ཚང་མ་སྒྲིག་སྦྱོར་བྱས་ཟིན་པ་དང་།ཞིང་འབྲོག་མང་ཚོགས་དུད་ཚང8 གཞིས་ཁང་གསར་པར་བསྡད་རྒྱུ་བྱུང་བ་དང་།དུས་མཇུག་ཏུ་འགྲོ་ལམ་དང་ཐང་ཆེན་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་ཚང་དུ་གཏང་རྒྱུ་ཡིན་ཞིང་། ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི600ལྷག་ཙམ་བཏང་བ་དང་།ཡུལ་ཤོག་ཡོངས་ཀྱི་ཞིང་འབྲོག་དུད་ཚང30བོད་ཀྱི་ཁྱད་ཆོས་ལྡན་པའི་གཞིས་ཁང་གསར་པའི་ནང་བསྡད་ཚར་བ་རེད།།



  • ལེ་ཚན་སྔོན་མ།:ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཁྲེན་ཚའེ་ཝུན་གྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་སྲིད་ཞབས་ཞུ་ལེགས་སུ་གཏོང་བར་དམིགས་ཏེ། འདི་ལོར་དམངས་སྲིད་དམངས་འཚོའི་མ་དངུལ་སྒ
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་གྲོང་ཚོ་དང་ཁེ་ལས་མཉམ་ལས་བྱས་ནས་འབྱོར་ཕྱུག་ལམ་བུ་བཏོད།
  • དོ་སྣང་ཆེ་བའི་རྩོམ།