ཟླ་བའི་བསིལ་བ།

ལྡེའུ་ནག།        2023-03-24

སྒེའུ་ཁུང་ཕྱེས་ཙམ་བྱས་པའི་སྣང་ངོགས་སུ། །

རླུང་གིས་གཡོ་བའི་ལྕང་ཕྲན་ཡང་ཡང་འགུལ། །

ཆར་ཞོད་ཧ་ཅང་ཆེ་བའི་མཚན་མོ་འདིར། །

ལྕང་མའི་གསེབ་ནས་ཟླ་བའི་བསིལ་བ་གླེང་། །

སྙིང་སྡུག་སྐར་མའི་མདངས་དང་རྒྱུ་སྐར་ཚོམས། །

ཆ་ཤས་ཙམ་ཡང་མིག་གིས་ཡུལ་མ་གྱུར། །

གདུང་བ་ལྕི་མོ་ཞིག་གིས་མནར་དྲགས་པས། །

སྨྲེང་བ་ཕལ་ཆེར་སྙན་ངག་གཟུགས་སུ་གྲུབ། །

ཡུན་རིང་བསྙལ་བའི་ཞེ་འདང་ཆང་དཀར་མ། །

གནམ་སྔོན་སྤྲིན་པ་ཞོ་ཆེན་འཁྲིགས་པ་ལྟར། །

ང་ཡི་སེམས་པའི་གཏིང་རིམ་ཟབ་ས་ནས། །

བཟི་བའི་རླངས་པ་ཐོལ་གྱིས་ལྡང་ཐེངས་རེར། །

མི་བཟོད་སྙིང་གི་འཕར་ལྡིང་ཇེ་ཆེར་སོང་། །

སྐབས་དེར་ཚོར་བའི་ཆར་དང་སྨུག་པ་དག །

རང་ཉིད་མ་གཏོགས་སུས་ཀྱང་མི་ཚོར་བས། །

ཞེ་སེམས་སྤྲིན་དཀར་འདྲེས་པའི་མི་དེ་ཡིས། །

ཇི་བཞིན་རྟོགས་པར་གྱུར་ན་ཅི་འདྲའི་སྐྱིད། །

འདི་ནི་བདག་གིས་ཟླ་བའི་བསིལ་བ་དང་། །

ཡང་ན་ཁྲེལ་གཞུང་འཚོ་བའི་བསིལ་བ་ཉིད། །

ལྷན་གཅིག་འདྲེས་ཤིང་གཞི་གཅིག་གྱུར་པ་གང་། །

ཚོར་བའི་གསེབ་དང་རུས་པའི་བར་ནས་བྲིས། །


  • ལེ་ཚན་སྔོན་མ།:བྱིན་རླབས་མ་བོར་བའི་སྒྲ་ལྡན་ལྷ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།