བཤེས་གཉེན་ལ་གུས་ པ་དང་བཀའ་དྲིན་རྗེས་སུ་དྲན་པ།

        2023-08-30

སློབ་གླིང་སྐྱེད་ཚལ་པདྨའི་དོ་ར་ན། །

དགའ་འཛོམས་ན་མཉམ་སློབ་གྲོགས་ཁྲི་མ་འབུམ། །

བདེ་སྐྱིད་རྫོགས་ལྡན་འབར་བའི་སློབ་གླིང་འདིར། །

མུན་འཇོམས་བཤེས་གཉེན་ལྕགས་འབུམ་རྒྱལ་དང་མཇལ། །

བཀའ་དྲིན་དྲན་ན་ས་འཛིན་ལས་ཀྱང་མཐོ། །

བྱམས་བརྩེ་བསམས་ན་བྱང་ཆུབ་སེམས་དཔའ་དངོས། །

ཐུགས་བརྩེ་བསམ་ན་ཆུ་གཏེར་ལས་ཀྱང་ཟབ། །

འགྲན་གྱི་དོ་མེད་དུས་གསུམ་སངས་རྒྱས་ཡིན། །

ལྷག་བསམ་ཀེ་ལ་ཤ་ཡི་གཟི་མདངས་ལས། །

ནམ་ཡང་ཉམས་པ་མེད་པའི་བསིལ་ཟེར་སྤྲོ། །

གཞན་ཕན་ཉི་མ་སེར་པོའི་དཀྱིལ་འཁོར་ལས། །

གཏན་དུ་བརྩེ་བའི་དྲོད་ཁོལ་ཆད་པ་མེད།།

ཁྱེད་སྐུ་མི་འགྱུར་རི་རྒྱལ་ལྷུན་པོར་མཉམ། །

ཁྱེད་གསུང་མི་འགག་དབྱངས་ཀྱི་རྒྱལ་མོར་འགྲན།།

ཁྱེད་ཐུགས་མཁྱེན་པ་འཇམ་དཔལ་དབྱངས་ཀྱི་ཟླ།།

སྐུ་གསུང་ཐུགས་ལ་གུས་ཕྱག་ལན་གསུམ་ཞུ། །

རིག་པའི་གཅེས་སྦྱིན་མཁས་པའི་དབང་པོ་ཡིན། །

རྐང་གཉིས་དག་ལ་བྱམས་དང་བརྩེ་བས་ཕྱུག །

རིགས་བཟང་ཐོན་མིའི་རྗེས་འཇུག་ལྕགས་འབུམ་རྒྱལ། །

བདག་གི་བློ་རྨོངས་སེལ་བར་ལྷག་ཏུ་བརྗིད། །

རྣམ་དཀར་འགྲོ་བའི་མགོན་པོ་མཁས་པའི་དབང་། །

རྣམ་གྲོལ་བློ་ལ་བློ་གྲོས་མཆོག་སྟེར་པའི།།

རྣམ་རིག་བཀྲ་བའི་མུན་འཇོམས་སྒྲོན་མེ་ཁྱེད། །

རྣམ་ཀུན་རྫོགས་ལྡན་དཔལ་ལ་རོལ་གྱུར་ཅིག །

༼ ཛམ་བིརྱ། ༽


  • ལེ་ཚན་སྔོན་མ།:རེ་བའི་རི་མོ།
  • ལེ་ཚན་རྗེས་མ།:མཆི་མས་བརླན་པའི་དབྱངས།