དཀར་མཛེས་ཁུལ་གྱི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-11-29

ཉེ་ཆར། དཀར་མཛེས་ཁུལ་གྱི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་དར་མདོར་འཚོགས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་འབྲེལ་ཡོད་མཛུབ་སྟོན་མཆན་བཀོད་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ལས་ཀའི་སྙན་ཞུ་ལ་ཉན་འཇོག་དང་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་གྲོས་ཞིབ། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཚོགས་འདུར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། གོང་རིམ་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་འོག། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་དྲན་ཡར་བརྩོན། འགག་སྒྲོལ་དཀའ་སེལ་བྱས་ནས་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་གནོད་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་ནས་དུས་མཚམས་རང་བཞིན་གྱི་གོང་འཕེལ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་དང་ཟུང་འབྲེལ་གང་ལེགས་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་འཁུར་བ་དང་དམིགས་ཚད་ལས་འགན་ལ་ཞིབ་བསྡུར་བྱས་ཏེ། ཧེ་བག་འཚོལ་བ་དང་བྱ་ཐབས་སྤྱོད་པ། དོན་འཁྱོལ་ལ་དམ་འཛིན། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བསྐྱར་སྐྲུན་ལས་དོན་སྤེལ་ནས་གནོད་ཐེབས་ཡུལ་ཁུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དཔེ་མཚོན་ཞིག་ཏུ་ཧུར་ཐག་བསྒྱུར་དགོས་ཞེས་བཏོན་པ་རེད།

ཚོགས་འདུར་ནན་གསུང་གནང་དོན། གཅིག་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལས་གཞིའི་མྱུར་ཚད་དམ་འཛིན་བྱ་དགོས་པ་དང་། གཉིས་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་དགོས། གསུམ་ནས་ཉེན་མེད་ཐོན་སྐྱེད་ཀྱི་མཐིལ་ཚད་དམ་པོར་བསྲུང་དགོས། བཞི་ནས་འགན་འཁྲི་ནན་དུ་བཏང་ནས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས་པ་རེད།།



  • ལེ་ཚན་སྔོན་མ།:འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།