རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འབྲེལ་བྱས་ནས་ཡུལ་སྡེ་དར་རྒྱས་གྱི་རྣམ་པ་གསར་པ་བཏོད།

ཀུན་དགས་བསྒྱུར།        2023-11-29

རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འབྲེལ་བྱས་ནས་ཡུལ་སྡེ་དར་རྒྱས་གྱི་རྣམ་པ་གསར་པ་བཏོད།
རྟའུ་རྫོང་སྔོ་ཚལ་དེང་རབས་ཞིང་ལས་གླིང་།

སྟོན་ཁའི་དུས་སུ་རྩི་ཤིང་གི་ལོ་འདབ་ཚང་མ་སེར་ལྟེམ་ལྟེམ་ལ་གྱུར། ཉེ་ཆར།གསར་འགོད་པ་རྟའུ་རྫོང་མགར་ཐར་གྲོང་རྡལ་དུ་བསྐྱོད་སྐབས་མིག་ལམ་དུ་མཐོང་བ་ནི་གྲོང་སྡེའི་ཁོད་སྙོམས་བགྲོད་ལམ་དང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་།རི་ཆུ་ཀླུང་གསུམ་གྱི་བར་དུ་ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་ལྟ་བ་དང་།པར་རྒྱག་མེ་ཏོག་འཐུ་བ་སོགས་ཡིན།

མགར་ཐར་གྲོང་རྡལ་དེ་རྟའུ་རྫོང་གི་ཤར་རྒྱུད་དང་།སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་རི་བོ་གངས་དཀར་དང་ཤར་རྒྱུ་ལའི་ཆུ་ཚོད་གཉིས་ཀྱི་དཔལ་འབྱོར་ཁུལ་དུ་གནས་ཤིང་།ཞིང་ཆེན་རིམ་པའི་ལམ་ཐིག303པ་ཁོངས་ཡོངས་བརྒྱུད་ནས་བསྐྲུན་ཡོད།

རྟའུ་རྫོང་གྲོང་དང་བར་ཐག་སྤྱི་ལེ90ཡོད་ལ་གྲོང་རྡལ་ཡོངས་ལ་ཁྱོན་སྤྱི་ལེ་ངོས་གྲུ340.5དང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་སྡེ་དྲུག་ཡོད། ཡུལ་དེའི་མཛེས་སྡུག་རི་ཀླུང་གིས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་།བབ་ལ་ཆགས་ཤིང་སེམས་པ་བཟང་པོའི་མི་རིགས་ཁག་གི་བུ་ཕྲུག་མང་པོ་གསོ་སྐྱོང་བྱས་པ་དང་། མི་ཉིས་སྟོང་ལྷག་མི་རབས་ནས་མི་རབས་བར་དེ་གར་འཚོ་གནས་བྱས། 2022ལོར་རྟའུ་རྫོང་མགར་ཐར་གྲོང་རྡལ་དེ་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་ཐོན་གྲོང་རྡལ་དུ་བདམས་ཡོད།

ཕྱོགས་གསུམ་གཞི་གཅིག་ལ་དམིགས་ཏེ་མཉམ་འདྲེས་འཕེལ་རྒྱས་ལ་ཡོངས་སུ་བསྐུལ།

མགར་ཐར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གྲོང་རྡལ་གྱི་འགོ་འཛིན་ཆིང་ཡུང་ཐའོ་ཡིས“ མགར་ཐར་གྲོང་རྡལ་གྱི་རྨོ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏང་ཆེད། ངེད་གྲོང་རྡལ་གྱིས་ཡུལ་བབ་དང་བསྟུན་པ་དང་དམིགས་བསལ་ཡི་གེའི་ཐོག་ནས་ལས་དོན་སྤེལ་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར་ནས་ཞིང་ལས་ལ་བརྟེན་ནས་གྲོང་རྡལ་སྟོབས་ཆེར་གཏང་རྒྱུར་བསྐུལ་ཡོད” ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན།མགར་ཐར་གྲོང་རྡལ་གྱིས་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང6བཙུགས་པ་དང་།དཔྱིད་པད་མུའུ8142.62དང་།གླང་རྔ་དང་སྲན་མ་སོགས་སྔོ་ཚལ་མུའུ1583.56འདེབས་འཛུགས་བྱས་ཤིང་། ཞིང་ལས་སྐྱེ་དངོས་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཡོད། མུའུ་ཁྲི་ཡི་དཔྱིད་འདེབས་པད་ཁ་རྟེན་གཞི་དང་མཐོ་སྒང་གི་སྔོ་ཚལ་རྟེན་གཞིའི་ཐོན་ལས་ལས་གཞི་དང་ཟུང་འབྲེལ་བྱས་ནས“མཐོ་སྒང་གི་མུའུ་ཁྲི་ཡི་དཔྱིད་པད་ཁའི་ལྟ་སྐོར་ཞིང་ལས་ཐོན་ལས་ལྟེ་བའི་ཁུལ”བཏོད་ཡོད།

དུས་མཉམ་དུ་སྤྱོད་བཟང་དེང་རབས་ཞིང་ལས་གླིང་ཁུལ་ལ་བརྟེན་ནས་ཞིང་ལས་ཁེ་ལས13གྱི་ཡིད་དབང་བཀུག་སྟེ་ལོ་ལྟར་མུའུ་རེར་སྒོར520ཡི་རིན་གོང་ཐོག་ནས་ས་ཞིང་མུའུ1583.62འཁོར་རྒྱུག་ནང་བཤུག་བྱས་ཡོད། ངལ་ནུས་གྲངས་གཞིའི་མཛོད་བཙུགས་ནས་ཉེ་འགྲམ་གྱི་ཡུལ་གྲོང་གི་ལས་མི600ལྷག་གི་གཞི་རྩའི་ཆ་འཕྲིན་ཐོ་འགོད་བྱས་ཡོད། འབྲེལ་ཡོད་འགན་འཁུར་བས་ཞིང་ལས་གླིང་ཁུལ་དུ་ལོ་ཧྲིལ་པོར་ལས་མི་སྤྱོད་ཚད་ཆེ་བས་མི་སེར་ཚོས་གླ་པ་བྱས་ནས་ཁེ་བཟང་རག་གི་ཡོད། ཉིན་གཅིག་གི་ཆུ་ཚོད8རིང་ལ་ཁེ་བཟང་སྒོར120རག་གི་འདུག། འདི་ལྟར་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་ལ་ལག་དངུལ་ཡང་རག་ཐུབ་པས་ཚང་མའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་འདུག་ཅེས་བཤད།

མགར་ཐར་གྲོང་རྡལ་གྱི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པས་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་ཅིང་།1728ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གིས་དགེ་ལུགས་པའི་ཁོངས་སུ་གཏོགས་པའི་མགར་ཐར་དགོན་བཙུགས་པ་དེ་ནི་བོད་རྒྱ་རིག་གནས་མཉམ་འདྲེས་ཀྱི་དཔེ་མཚོན་དངོས་ཡིན་ཞིང་།གཞན་ཡང་མགར་ཐར་གྲོང་རྡལ་ཁོངས་གཏོགས་སུAབཞི་རིམ་པའི་ལྗོངས་ཁུལ་བཞག་བྲ་ལྷ་རྩེ་དང་།མི་ཉག་མགར་ཐར་དགོན་གཉིས་འདུས་པ་དེ་ནི་རྒྱལ་སྲུང་གཞུང་ལམ248ཀྱི་ལམ་རྒྱུད་དུ་གནས་ཤིང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

ཇི་ལྟར་བྱས་ནས་ལེགས་ཆ་ལྡན་པའི་ཐོན་ཁུངས་དེ་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་ནང་མཉམ་འདྲེས་ཡོང་བ་བྱ་དགོས་བའི་སྐོར་བསམ་བློ་ཡག་པོ་བཏང་། ཉེ་བའི་ལོ་ཤས་རིང་མགར་ཐར་གྲོང་རྡལ་གྱིས“ཞིང་འབྲོག་པ་གཙོ་བོ་དང་སྐྱེ་ཁམས་སྔོན་ལ་འཇོག་པ། གྲོང་སྡེ་མཉམ་འདྲེས་བྱེད་པ། ཡུལ་བབ་དང་བསྟུན་པ། སྤྱི་འདོམས་སྐུལ་འདེད”བཅས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ནས་ཞིང་ལས་དང་།རིག་གནས།ཡུལ་སྐོར་བཅས“ཕྱོགས་གསུམ་གཞི་གཅིག”འཕེལ་རྒྱས་བཏང་བར་བརྒྱུད་ཐོན་སྐྱེད་དང་།འཚོ་བ།སྐྱེ་ཁམས་བཅས“གསུམ་དུས་གཅིག་ཏུ་སྤེལ་བ”ལ་བསྐུལ་ནས་རང་སྐྱོང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས“གསུམ་མཉམ་འདྲེས”བཅས་མངོན་འགྱུར་ཡོང་བ་བྱས་ཡོད།

ཐོན་སྤེལ་འབབ་འཕར་ཡོང་བར་བསྐུལ་ནས་ཐུན་མོང་དཔལ་འབྱོར་འཕར་བ་བྱས།

ཆིང་ཡུང་ཐའོ་ཡིས་གསར་འགོད་པར་ཁྱད་ལྡན་ཐོན་ལས་ནི“གྲོང་སྡེའི་རིག་གནས་ཡུལ་སྐོར”མཉམ་འདྲེས་ཀྱི་རྨང་གཞི་ཡིན། “ཞིང་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་ཆེད། ང་ཚོས་ཞིང་ལས་ཐོན་ལས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་བཏང་བ་དང་། སྔོ་ཚལ་དང་པད་ཁ་སོགས་ཞིང་ལས་སྐྱེ་དངོས་ལས་སྣོན་བཟོ་གྲྭ་བསྐྲུན་ནས་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་སྟེ་ཞིང་པའི་ཡོང་འབབ་མང་དུ་བཏང་ཡོད།”མགར་ཐར་གྲོང་རྡལ་གྱི་གྲོང་སྡེའི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་ལྔའི་གོང་གི་སྒོར་ཁྲི0.67ནས1.8བར་མང་དུ་ཕྱིན་པ་དང་འཕར་ཚད་བརྒྱ་ཆ62.7ལ་ཟིན་ནས་གྲོང་སྡེ་ཚང་མར་ཁྱད་ལྡན་ཐོན་ལས་གླིང་ཡོད་པ་དང་དུད་ཚང་ཚང་མར་འབབ་འཕར་ཕྱུག་འགྱུར་ལས་གཞི་ཡོད་པ་བྱས།

ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏང་ཆེད། མགར་ཐར་གྲོང་རྡལ་གྱིས་ས་ཆའི་འཚོ་བཅུད་ལ་ལེགས་སྒྲིག་བྱས་པ་དང་དེ་བཞིན་པད་ཁ་ཡི་ས་བོན་ལེགས་སུ་བཏང་སྟེ་མགར་ཐར་གྱི་པད་ཁའི་ཁྱད་ལྡན་སྤུས་རྟགས་བཏོད། ན་ནིང་གླིང་ཁུལ་ཚན་པའི་ས་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་མུའུ་རེར་སྒོར2492.03ལ་ཟིན་པ་དེ་ས་ཆ་དེ་གའི་ས་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་ཆ་སྙོམས་བརྒྱ་ཆ113.88ལས་མཐོ་བ་དང་། རྩིས་གཞི་རེའི་ཐོན་ཚད་ཕན་འབྲས་དེ་ས་ཆ་དེ་གའི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ20ཡན་མཐོ་ཡོད།

མཛེས་སྡུག་རི་ཆུ་ལ་བརྟེན་ནས་གྲོང་རྡལ་དེར་ཕན་པ་ཐོབ་ཡོད། མགར་ཐར་གྲོང་རྡལ་གྱིས་གོ་སྐབས་དམ་བཟུང་བྱས་ཏེ་རྟའུ་རྫོང་གི་ལོ་གཅིག་ལ་སྐབས་རེ་ཡིན་མི་ཉག་མགར་ཐར་ཉམས་འགྱུར་གྱི་རྟ་རྒྱུག་བྱེད་སྒོར་བརྟེན་ནས་ཉེ་འཁོར་གྱི་མང་ཚོགས་དང་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། དུས་ཆེན་དང་ངལ་གསོའི་དུས་སུ་ཡུལ་སྐོར་བས་ཁེངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་རྒྱལ་སྟོན་རིང་།རིམ་རྩིས་བྱས་ན་གྲོང་རྡལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི18ལ་སྣེ་ལེན་ཞུས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ36འཕར་བ་དང་། ཡུལ་སྐོར་འཛད་སྤྱོད་སྒོར་ཁྲི221ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ31འཕར། སྡོད་ཁང86གཉེར་སྐྱོང་བྱེད་འགོ་ཚུགས་ནས་ཡུལ་སྐོར་བ5000ཙམ་ལ་སྣེ་ལེན་ཞུས་པ་དང་།མི་སེར་མགྲོན་ཁང་གི་ཡུལ་སྐོར་འཛད་སྤྱོད་སྒོར་ཁྲི100ཙམ་དང་། བཟའ་བཏུང་སྒོར་ཁྲི30ཙམ། ཞིང་ལས་ཐོན་རྫས་བཙོངས་པའི་དངུལ་འབོར་སྒོར་ཁྲི10ཙམ་ལ་ཟིན་ཡོད།

མགར་ཐར་གྲོང་རྡལ་གྱི་གནས་ཚང་སྦྱིན་བདག་ཞིག་གིས་དུས་ཆེན་དང་གུང་གསེང་དུས་སུ་ཡུལ་སྐོར་བ་མང་བས་ཁང་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། བཟའ་བཏུང་དང་ཞག་སྡོད་ཕུད་ཞིང་ལས་ཐོན་རྫས་ལ་ཡུལ་སྐོར་བ་མང་པོ་ཞིག་གི་དགའ་བསུ་ཐོབ་བྱུང་ཞེས་བཤད། མགར་ཐར་གྲོང་རྡལ་གྱི་ཉེ་བའི་ལོ་ཤས་རིང་གི་འགྱུར་ལྡོག་ཆེ་ཤོས་སྐོར་གླེང་སྐབས་ཆིང་ཡུང་ཐའོ་ཡིས་ཕྱོགས་གཅིག་ནས་མི་སེར་གྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་།ཕྱོགས་གཞན་ཞིག་ནས་ཚང་མའི་འདེབས་འཛུགས་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།སྲིད་ཇུས་སྣ་ཚོགས་ཀྱི་འདེགས་སྐྱོར་འོག་རི་ཁུལ་མཛེས་ལྗོངས་ཁུལ་དུ་འགྱུར་བ་དང་།ཡུལ་གྱི་ཐོན་རྫས་ཁྱད་ལྡན་ཐོན་རྫས་སུ་འགྱུར་བ།མང་ཚོགས་ཀྱི་སྡོད་ཁང་མགྲོན་ཁང་དུ་འགྱུར་བ་སོགས་བྱས་པས་ “ཡུལ་སྐོར་ཡོང་འབབ”བྱུང་བར་མ་ཟད། ཡོང་འབབ་ཀྱང་ཐད་ཀར་མང་དུ་ཕྱིན་ཡོད།མཉམ་འདུས་སྲིད་ཇུས་དང་།རང་བྱུང་ཁམས།མི་ཤུགས་བཅས་ཐོན་ཁུངས་ཆེན་པོ་གསུམ་དང་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།འདི་ལོ་གྲོང་རྡལ་གྱི་མཉམ་སྡེབ་ཁེ་སྤོགས་སྒོར་ཁྲི275.6355ལ་ཟིན་པ་དང་།གྲོང་རྡལ་ཡོངས་ཀྱི་ཆ་སྙོམས་མི་རེའི་ཆ་སྙོམས་ཁེ་འབབ་སྒོར1022.35ལ་ཟིན་ཡོད་ཅེས་བཤད།

ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་ཤུགས་བརྒྱབ་ནས་ཡ་རབས་ཡུལ་སྲོལ་ལྡན་པའི་དམངས་འཚོ་སྐྱོང་།

ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་དར་བས་མགར་ཐར་གྲོང་རྡལ་གྱི་གྲོང་མིར་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་ཡོད། མགར་ཐར་གྲོང་རྡལ་གྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ལེ32.8ལ་ཟིན་པའི་མཛེས་ལྗོངས་ལམ་ཆེན་དང་ཡུལ་སྐོར་བགྲོད་ལམ།ཡུལ་སྐོར་ཞབས་ཞུ་ཁུལ་དང་ལྟ་སྐོར་བགྲོད་ལམ6 རླངས་འཁོར་འཇོག་ས5དང་། ཡུལ་སྐོར་གསང་སྤྱོད་ཁང་ཡག་གྲས6དང་། ཡུལ་སྐོར་མཚོན་རྟགས་ཀྱི་སྒོ་བྱང20ལྷག་བསྐྲུན་ཡོད།

མི་ཉག་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕྱིའི་ལྕགས་རི་སྨི་ཁྲི1.32དང་ཞིང་དུད348ཀྱི་ལྟག་སྒོ་བསྒྱུར་བཀོད། ཉི་ནུས་གློག་སྒྲོན82སྒྲིག་སྦྱོར། རྟ་རྒྱུག་ཐང་ལེགས་བསྒྱུར་བཅས་བྱས་ཡོད།

མི་སྡོད་ཁོར་ཡུག་འཛུགས་སྐྲུན་གང་ལེགས་བྱས་ཡོད། གྲོང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཁུལ2བསྐྲུན་པ་དང“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་སྟེ་ཆེད་བསྐོས་ཁོར་ཡུག་སྲུང་སྐྱོང་བ37བཙུགས་ནས“ཁྱིམ་དུ་གད་སྙིགས་བླུགས་སྒམ་ཡོད་པ་དང་།གྲོང་སྡེར་གད་སྙིགས་བླུགས་སྒམ་ཡོད་པ།”མངོན་འགྱུར་བྱུང་ནས་ཞིང་འབྲོག་མང་ཚོགས་ལ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་བྱུང་བའི“ཁེ་སྤོགས”ལོངས་སྤྱོད་ཐུབ་ཡོད།

རིག་གནས་དར་རྒྱས་གཏོང་བ་ནི་ཡུལ་སྡེ་དར་རྒྱས་གཏོང་བའི་བླ་སྲོག་ལྟ་བུ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་།མགར་ཐར་གྲོང་རྡལ་གྱིས་རིག་གནས་འཛུགས་སྐྱོང་ཐད་མུ་མཐུད་ཤུགས་བརྒྱབ་ནས་གྲོང་སྡེར་རིག་གནས་ཀྱི་ཁྱད་ཆོས་ལྡན་པར་བྱས་ཡོད། རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱས་ནས་ཞིང་པའི་དཔེ་ཁང་འཛུགས་སྐྱོང་འཐུས་ཚང་དུ་བཏང་བ་དང་།དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྔོག་འདོན་དང་རྒྱུན་འཛིན་གང་ལེགས་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་ཚོགས་པ་འཛུགས་པར་ཁྲིད་སྟོན་བྱས་པ་དང་། ཚན་རིག་དང་མཐུན་ཞིང་སྐྱོན་བྲལ་རིག་གནས་ཀྱི་ལྟ་བ་གསར་པ་དར་སྤེལ་བཏང་ནས་མངའ་ཁུལ་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། རིག་གནས་ཀྱི་ཚོགས་པ་སྣ་ཚོགས་བཙུགས་ནས་སྐོར་བྲོ་དང་ལྷ་མོ་ཟློས་གར།ལ་གླུ་ལེན་པ་སོགས་མི་དམངས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་སྤེལ་བ། མགར་ཐར་གྲོང་རྡལ་གྱིས་འཕྲིན་ཕྲན་སོགས་དྲིལ་བསྒྲགས་ལས་སྟེགས་སྤྱད་དེ་ཤེས་དཔལ་སྲོལ་གཏོད་དང་།སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་།གོམས་སྲོལ་སྒྱུར་བ་སོགས་ཀྱི་བྱེད་སྒོ་མཐར་ཕྱིན་སྤེལ་ཡོད།

ཆིང་ཡུང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིན་ཆད། མགར་ཐར་གྲོང་རྡལ་གྱིས་སྤུས་ཚད་དང་ཕན་འབྲས་མུ་མཐུད་དེ་མཐོ་རུ་བཏང་ནས་ཐོན་ལས་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། ཆེད་ལས་ཚོགས་པ་གདན་ཞུ་བྱས་ནས་པད་ཁའི་སྤུས་ཚད་དང་སྣུམ་འདོན་ཚད་མཐོ་རུ་བཏང་བ་དང་པད་ཁར་ཞིབ་དཔྱད་བྱས་པ་བརྒྱུད་སྐྱེ་ལྡན་ཐོན་རྫས་ལ་ལག་ཁྱེར་ཐོབ་པའི་ཁེ་ལས་དང་དེ་བཞིན་ཉེན་མེད་བཟའ་བཅའི་ལག་ཁྱེར་རེ་ཞུ་བྱས་ནས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏང་རྒྱུ་ཡིན་ལ། གཞན་ཡང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཡུལ་སྐོར་བའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱས་ནས་ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།