《 བདེན་འཚོལ 》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དར་སྤེལ་གཏང་དགོས་ཞེས་པ་བཀོད་ཡོ

( སྐལ་ཐུབ་ཀྱིས་བསྒྱུར།)        2024-04-17

སྤྱི་ཟླ4ཚེས16ཉིན་ལ་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་དུས་ཐེངས8པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དར་སྤེལ་གཏང་དགོས》ཞེས་པ་སྤེལ་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ་བ8པ་ནས2023ལོའི་ཟླ་བ9པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གྱི་གཅེས་བཏུས་ཤིག་རེད།

རྩོམ་ཡིག་ཏུ་ནན་པོར་བསྟན་དོན། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་མཚམས་ཆད་མྱོང་མེད་ལ་ང་ཚོའི་མི་རིགས་རླབས་པོ་ཆེ་གསར་དུ་བཏོད་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུད་རྒྱུ་དང་ཁྲག་རྩ་བསྡུས་ཡོད་པས་བསྐྱར་སྐྱེས་བྱེད་མི་ཐུབ་པ་དང་ཚབ་བྱེད་མི་ཐུབ་པའི་ཀྲུང་ཧྭའི་ཤེས་དཔལ་ཐོན་ཁུངས་ཕུལ་བྱུང་རེད། ང་ཚོའི་མི་རབས་འདིར་དབང་བར་མ་ཟད། བུ་ཚ་རྒྱུད་ཁྲི་སྟོང་ལ་ཡང་དབང་བ་རེད། སྲུང་སྐྱོང་ཨང་དང་པོར་རྒྱུན་འཁྱོངས་དང་། དོ་དམ་ལ་ཤུགས་སྣོན་ཅིང་རིན་ཐང་སྔོག་པ། བེད་སྤྱོད་གང་ལེགས་བྱེད་པ། རིག་དངོས་གསོན་པོ་ཡོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་བླང་བྱ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་ཏེ་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏང་དགོས།

རྩོམ་ཡིག་ཏུ་བསྟན་དོན། རིག་དངོས་ལ་སྐད་ཆ་བཤད་དུ་འཇུག་པ་དང་། ལོ་རྒྱུས་ལ་སྐད་ཆ་བཤད་དུ་འཇུག་པ། རིག་གནས་ལ་སྐད་ཆ་བཤད་དུ་གཞུག་དགོས། སྲོལ་རྒྱུན་རིག་གནས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་ཕུགས་ཀྱི་གཙུག་ལག་ཁང་དུ་ཉར་པའི་རིག་དངོས་དང་། ས་གཞི་རྒྱ་ཆེ་བར་བདལ་བའི་ཤུལ་བཞག། གནའ་དེབ་ནང་བྲིས་པའི་ཡི་གེ་བཅས་ཚང་མ་གསོན་པོར་ཡོང་བ་བྱ་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་ཞིབ་འཇུག་འགྲེལ་བཤད་དང་འགྲེམས་སྟོན་ཁྱབ་སྤེལ་གྱི་ཆུ་ཚད་མཐོ་རུ་གཏང་དགོས། སྲོལ་རྒྱུན་གྱི་ཡུལ་ཕྱོགས་རིག་གནས་ཕུལ་བྱུང་སྔོག་འདོན་དང་། བརྒྱུད་འཛིན། གསར་གཏོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པར་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཞིང་ལས་ཤེས་དཔལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་མངོན་ཐུབ་པ་བྱ་དགོས། རྒྱལ་ཁབ་ཀྱི་རིག་གནས་སྙིང་བཅུད་བརྒྱུད་འཛིན་དང་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་བར་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་དགོས། གསར་བརྗེའི་རིག་གནས་དར་སྤེལ་དང་། གསར་བརྗེའི་ཁྲག་རྒྱུན་དམར་པོ་བརྒྱུད་འཛིན་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་ཏན་ཏིག་བྱ་དགོས། ཀྲུང་ཧྭའི་ཤེས་དཔལ་བརྒྱུད་འཛིན་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་མོ་བསྐྲུན་ནས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་དང་ངོས་འཛིན་གཅིག་མཐུན་སྔར་ལས་ལེགས་པར་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་བ་ཞིག་བྱེད་པའི་སྤོབས་པ་དང་སྙིང་སྟོབས་དང་གདིང་ཤུགས་བཅས་ཆེ་རུ་གཏང་དགོས།

རྩོམ་ཡིག་ཏུ་ནན་པོར་བསྟན་དོན། འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་ལས་གྲུབ་པ་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་ལོ་རྒྱུས་དང་རིག་གནས་ཆེས་གནའ་ཞིང་རིང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་ཧྭའི་ཤེས་རིག་གིས་སྔར་ནས་བཟུང་ཤེས་རིག་མི་འདྲ་བའི་བར་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པར་བསྔགས་བརྗོད་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་ས་གནས་ཁག་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དར་རྒྱས་གོང་འཕེལ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མཉམ་དུ་བསྐུལ་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ཏེ་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་བའི་ཆེད་རིག་གནས་ཀྱི་སྟོབས་ཤུགས་ཆེ་ཞིང་རིང་བ་བསྣན་དགོས།།

  • ལེ་ཚན་སྔོན་མ།:ལུང་མོན་བྲག་ཕུག་ནས་རྡོ་བརྐོས་སྐུ་བརྙན་སོགས་མང་པོ་རྙེད་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།