དཀར་མཛེས་རྫོང་གིས་རིན་པ་མི་དགོས་པར་ཞིང་པར་དཔྱིད་རྨོད་དངོས་ཟོག་ཏུན2500ལྷག་སྤྲད།

( སྐལ་བཟང་རྒྱ་མཚོས་བསྒྱུར) ​        2024-04-17

     ད་སྔར་དཔྱིད་རྨོད་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཉེ་ཆར། དཀར་མཛེས་རྫོང་ཞིང་ལས་དང་ཞིང་སྡེ་ཚན་རྩལ་ཅུས་ཀྱིས་ཞིང་ལས་གཙོ་བོར་བྱེད་པའི་ཡུལ་ཤོག(གྲོང་རྡལ)6ལ་སྔ་རྗེས་སུ་རིན་པ་མི་དགོས་པར་དཔྱིད་རྨོད་དངོས་རྫས་ཏུན2500ལྷག་སྤྲད་པ་དང་། མང་ཚོགས་ཀྱིས་ཞིང་ལས་དུས་ཚོད་དམ་དུ་བཟུང་སྟེ་དཔྱིད་རྨོད་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ནས་སི་ཁྲོན་ནུབ་རྒྱུད་ཀྱི་འབྲུ་རིགས་ཉེན་མེད་ཡོང་བའི་རྨང་གཞི་བརྟན་དུ་བཏང་བ་རེད།

དཀར་མཛེས་རྫོང་ལྷོ་པ་གྲོང་སྡེའི་ཞོག་ཁོག་འདེབས་འཛུགས་རྟེན་གཞིར་འདྲུད་འཐེན་འཕྲུལ་འཁོར་དང་འཕང་གསུམ་རྐང་འཁོར་གཅིག་རྗེས་གཅིག་སྒྲིག་ཡོད་པ་དང་། ལས་དོན་མི་སྣས་འདེབས་འཛུགས་དུད་ཚང་ལ་ཞོག་ཁོག་དང་ཉུང་མ། ཁང་ཆིང་ནས་ཨང་དགུ་པ། ནས་ནག་སྒྲོ་དྲུག་མ། ནས་ཁྲའེ་ཆིང་དང་པོ། ས་གཤིན་ནས་ལྔ་པ། སྲན་སྔོན། སྐྱེ་ལྡན་སྐྱེ་མེད་འདྲེས་སྦྱོར་ལུད་སོགས་སྤྲོད་བཞིན་ཡོད་པ་རེད། ལས་དོན་མི་སྣས་མིང་ཐོ་རེ་རེ་བཞིན་ཐོ་འགོད་ཞིབ་བསྡུར་བྱས་ནས་སྤུས་ལེགས་ཀྱི་དཔྱིད་རྨོད་དངོས་ཟོག་ཞིང་དུད་ལ་སྤྲོད་པ་དང་འབྲེལ་ཁོ་ཚོར་དཀའ་སྤྱད་རྨོ་འདེབས་བྱས་ནས་ད་ལོར་ཐོན་འབབ་ཡག་པོ་ཡོང་བའི་བརྩོན་ལེན་བྱ་དགོས་པའི་སྐུལ་ལྕག་བྱས་པ་རེད། ཚང་མའི་ངོ་ལ་བདེ་སྐྱིད་ཀྱི་ཁེངས་པའི་སྒོས་རང་རང་སོ་སོའི་ཡུལ་ཤོག་དང་གྲོང་རྡལ་ལ་ཐོབ་པའི་དཔྱིད་རྨོད་དངོས་རྫས་དབོར་འདྲེན་བྱེད་ཀྱི་ཡོད།

ཞིང་འབྲོག་ཅུས་ཀྱིས་ང་ཚོར་ནས་སོགས་སོན་བཟང་སྤྲད་པ་དང་། ངའི་ཁྱིམ་ལ་ས་ཞིང་མུའུ30ཡོད། སྔོན་ཆད་ས་ཞིང་མུའུ་གཅིག་གི་ཐོན་འབབ་སྤྱི་རྒྱ150ཙམ་ཟིན་གྱི་ཡོད། ད་ཆ་སོན་བཟང་ནས་བཏབ་ནས་མུའུ་གཅིག་གི་ཐོན་འབབ་སྤྱི་རྒྱ175ལ་ཟིན་ཐུབ། ས་ཞིང་མུའུ30ཡི་ནས་ཀྱི་ཐོན་འབབ་སྤྱི་རྒྱ5000ཡན་ཟིན་གྱི་ཡོད། ངས་འགོ་ཡག་སྤྱི་གཉེར་ཁང་ལ་ནས་ཕྱེད་ཀ་བཙོངས་ན་ཡོང་འབབ་སྒོར་ཁྲི5ཙམ་ཡོང་གི་འདུག་ཅེས་ལྷོ་པ་ཡུལ་ཤོག་གྲོང་སྡེ་བཞི་པའི་ཞིང་དུད་བདེ་བདེས་དགའ་བཞིན་དེ་ལྟར་བཤད།

    ས་བོན་ནི་འབྲུ་རིགས་ཉེན་མེད་ཀྱི་འགག་རྩ་ཡིན། སྐྱེ་ལྡན་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལ་སྐུལ་ཆེད། དཀར་མཛེས་རྫོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲེལ་མ་དངུལ་སྒོར་ཁྲི1734བསྡུས་ཏེ་དཔྱིད་རྨོད་ཀྱི་སོན་བཟང་ཏུན1501གདན་གཅིག་ལ་ཉོས་པ་དང་། ཞིང་ལུད་ཏུན1297དང་ཞིང་སྨན་ཏུན0.3ཉོས་ཡོད། ས་བོན་དེ་དག་བདམས་པའི་ཐོག་དཀར་མཛེས་ཀྱི་གནམ་གཤིས་ཆ་རྐྱེན་དང་། མང་ཚོགས་ཀྱི་འདེབས་འཛུགས་གོམས་གཤིས། དགོས་མཁོ་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་འདུས་ཡོད་པས་ལུང་པའི་འདེབས་འཛུགས་ལ་འཚམ་པར་མ་ཟད། ཐོན་ཚད་ཀྱང་འགན་ལེན་ནུས་ལྡན་བྱུང་ཡོད།

2023ལོར་སྤྱི་གཉེར་ཁང་གིས་ཁྱོན་བསྡོམས་ཞོག་ཁོག་མུའུ3150བཏབ་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི4000ཙམ་ལ་ཟིན་ཡོད། ད་ལོ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་རྫོང་ཡོངས་སུ་ཁྱོན་བསྡོམས་ཞོག་ཁོག་སྤྱི་རྒྱ་ཁྲི120སྤྲད་པ་དང་རྒྱ་ཁྱོན་མུའུ་ཁྲི3ཙམ་ཟིན་པ་དང་། སྔོན་དཔག་བྱས་ན་ད་ལོའི་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར1000ལས་བརྒལ་རྒྱུ་རེད་ཅེས་འགོ་ཡག་ཞིང་འབྲོག་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བས་དེ་ལྟར་བཤད།

   ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་དཀར་མཛེས་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་པོར་དམིགས་ནས“ཞིང་འབྲོག་ལས་རིགས་ཀྱིས་དཀར་མཛེས་བསྐྱར་དུ་བསྐྲུན”ཅེས་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་རྫོང་ཡོངས་ཀྱི་ཞིང་ལས་དང་ཡུལ་སྡེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཡོད། ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི20.37ལ་ཟིན་པ་དང་། དེའི་ནང་འབྲུ་རིགས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི16.79དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི3.59ལ་ཟིན་ཡོད། འཕྲུལ་ཆས་ཅན་གྱི་ལས་ཀའི་གཞི་ཁྱོན་མུའུ་ཁྲི19.02ལ་ཟིན་པ་དང་ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ69.68ལ་ཟིན་ཡོད་པ་རེད།

    དཀར་མཛེས་རྫོང་ཞིང་འབྲོག་ཞིང་སྡེ་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་ད་ལོ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར་ཆེད་རམས་པའི་དཔུང་ཁག་དང་ལག་རྩལ་སྟོབས་ཤུགས་བསྡུས་ནས་ཡུལ་ཤོག(གྲོང་རྡལ)དང་གྲོང་ཚོར་བསྐྱོད་དེ་ཞིང་པར་དཔྱིད་རྨོད་དངོས་རྫས་སྤྲོད་པ་དང་ཐོན་སྐྱེད་ལག་རྩལ་མཛུབ་ཁྲིད་བྱས་ནས་དཔྱིད་རྨོད་ཡག་པོ་བྱས་ཏེ། ཡུལ་སྡེ་དར་རྒྱས་གཏོང་རོགས་དང་ཡོང་འབབ་དང་སྤུས་ཚད་སྤར་རོགས་བྱས་ནས་དཀར་མཛེས་རྫོང་གི“ཞིང་འབྲོག་ལས་རིགས་ཀྱིས་དཀར་མཛེས་བསྐྱར་དུ་བསྐྲུན”ཅེས་པའི་ལས་གཞི་ཇེ་ལེགས་ཇེ་བཟང་སྤེལ་བ་དང་སི་ཁྲོན་ནུབ་བྱང་གི་མཐོ་སྒང་འབྲུ་མཛོད་ཀྱི་མཚན་སྙན་སྐད་གྲགས་ཇེ་ཆེ་རུ་གཏང་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་ཞིང་ལས་འཕྲུལ་ཆས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ ལ་གཞོགས་འདེགས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།