ཀུན་དགས་བསྒྱུར། 2022-09-28
སྤྱི་ཟླ9པའི་ཚེས23ཉིན་ལུགས་རྙིང་ལོའི་སྟོན་དུས་སུ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་ལི་ཐང་རྫོང་གིས2022ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་ཚོ་གསུམ་ཡུག་སྦྲེལ་ས་ཁུལ་གྱི་སྟོན་བསྡུའི་ཞིང་ནང་དུ་སྤེལ་ཡོད།
ཚོ་གསུམ་ཡུག་སྦྲེལ་ས་ཁུལ་གྱི་ཞིང་ནང་དང་མུ་ཁར་ཡུལ་མི་ཚོས་སྔ་མོ་ནས་དེང་རབས་ཞིང་སྤྱོད་འཕྲུལ་ཆས་སྤྱོད་དེ་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད་པ་རེད། ད་སྔར། སྟོན་བསྡུའི་དུས་ལ་སླེབས་ཡོད་པས་རྫོང་ཡོངས་ཀྱི་ཡུལ་ཤོག(གྲོང་རྡལ)ཁག་གི་སྟོན་བསྡུའི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་ལ།ཞིང་པ་ཚོ་བྲེལ་བ་ཆེན་པོས་བརྔ་བསྡུ་དང་འབྲུ་རིགས་གསོག་འཇོག་མཛོད་བཙུགས་བྱས་ནས་ཞིང་ནང་དང་མུ་ཁར་མཛེས་སྡུག་ལྡན་པའི་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།
མོ་ལ་གྲོང་རྡལ་གྱི་ཡུལ་མི་རྒྱལ་མཚོས་དེ་རིང་ནི་ང་ཚོ་ཞིང་པ་རང་ཉིད་ཀྱི་དུས་ཆེན་ཡིན་པས།བྱེད་སྒོ་དེར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།ད་རེས་ཀྱི་སྤེལ་རེས་བརྒྱུད་ང་ཚོས་རང་ཉིད་ཀྱི་ལོ་ལེགས་བྱུང་བའི་གྲུབ་འབྲས་འགྲེམས་སྟོན་བྱས་པར་མ་ཟད།རང་ཉིད་ཀྱི་འདེབས་འཛུགས་ཉམས་མྱོང་ཡང་སྤེལ་རེས་བྱས་ནས་ཚང་མར་འདི་ལོའི་ལོ་ལེགས་དང་སང་ལོའི་ལོ་ལེགས་ཡོང་རེ་བྱེད་ཀྱི་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས“ཞིང་གསུམ”ལས་དོན་དེ་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་ནས་དེང་རབས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འབྲུ་རིགས་ཐོན་སྐྱེད་ཉེན་མེད་དང་གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་བྱེད་པའི་གཞི་ཐིག་གཉིས་ལ་དམ་པོར་དམིགས་ནས། འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་།འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་དོན་འཁྱོལ་ནན་པོ་བྱས། རྨོ་ཞིང་འབྲུ་རིགས་མ་ཡིན་པའི་རིགས་དང་ཞིང་ལས་མ་ཡིན་པའི་རིགས་ཀྱི་གནས་ཚུལ་བརྡ་ཁྱབ་བྱེད་པའི་ལམ་སྲོལ་དང་འགན་འཁྲི་བདའ་འདེད་བྱེད་པའི་ལམ་སྲོལ་བཙུགས་ཏེ།ས་རྒོད་དུ་བཞག་པའི་རིགས་ཀྱི་ཆེད་དོན་བཅོས་སྐྱོང་གི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཡོད།
ད་སྔར་ལི་ཐང་རྫོང་གིས་མུའུ19900ཡི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྱོང་བྱས་པ་དང་།ད་ལོར་མུའུ3000གསར་དུ་བསྐྱངས་ནས་ཞོག་ཁོག་དང་ནས།པད་ཁ།སྔོ་ཚལ། སོན་བཟང་ཏུན600 ཞིང་ལུད་ཏུན500ལྷག་ཙམ་ཉོ་སྒྲུབ་བྱས་ཏེ་རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི5.28ཟིན་ཡོད། སྔོན་དཔག་བྱས་ན་འབྲུ་རིགས་ཀྱི་ཐོན་ཚད་བསྡོམས་འབོར་འབབ་ཏུན་ཁྲི1.33ལ་ཟིན་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10