གདུང་བ་གླུ་རུ་དྲངས་པའི་མགུར།

མགར་ཐང་དཀར།        2023-02-14

སྟོང་བསམ་གཡོ་བའི་སྣང་ངོགས་སུ།།

སྒྱུ་མའི་མེ་ལོང་ཕྲག་བརྒྱ་འཐོར།།

འོག་མིན་མི་ཡི་ཞིང་ཁམས་སུ།།

ཤུགས་འབྱུང་རླུང་གི་རོལ་མོ་འཁྲོལ།།

སྤྱན་ཟུང་མིག་ཆུའི་སྒྱུ་འཕྲུལ་གྱིས།།

བརྩེ་ཞེན་རྦ་རླབས་གཡོ་བར་བྱས།།

མི་རྟག་འཁོར་བའི་འདུ་འགོད་ལས།།

ལུས་ཀྱི་སྤུ་ལོང་བར་མེད་གཡོས།།

ས་འཛིན་རྒྱལ་པོའི་མདུན་རྒྱབ་ཏུ།།

གཏུམ་པོ་རྡོ་ཡི་འཐབ་ར་བཏབ།།

སྲ་མཁྲེགས་ལྕགས་ཀྱི་གྲུ་གཟིངས་སུ།།

རོ་མིན་གཟུགས་ཀྱི་དཔུང་ཆུང་བསྒྲིགས།།

སྟོན་པའི་བསྟན་པ་ལ་དང་ནི།།

ལྡོག་པའི་ཚིག་གི་རུ་ཕྲེང་བསྒྲིགས།།

བྱང་ཆུབ་ལྷ་ཡི་གདུལ་ཞིང་ནས།།

ནོར་བུ་ཁ་ཅིག་གཉིད་དུ་བཅུག།

བཅོས་མིན་ལྔ་ལྡན་འཇའ་གུར་གྲོང་།།

དགའ་འཁྱིལ་རི་བོའི་འཛུམ་གར་ངོམས།།

མཚུངས་མེད་ཆུ་འཛིན་ནག་པོ་ཡིས།།

གདུང་བའི་ནམ་མཁའི་རང་གཟུགས་བསྟན།།

ཚོར་མེད་འཁྱམ་པོའི་རྣམ་ཤེས་ཀྱིས།།

བདེན་པའི་སྟོབས་ཀྱི་དབང་ཀླུང་གཤགས།།

དབྱེར་མེད་གདུང་བའི་གཡང་གཟར་དུ།།

ཁྲག་གི་མིག་ཆུ་ཁྲོམ་ཁྲོམ་བཞུར།།



  • ལེ་ཚན་སྔོན་མ།:མི་རྟག་སྒྱུ་མའི་ཟློས་གར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།