གེ་སྨད་ཀྱི་མི་རྒྱུད་མཆེད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཚེ་དབང་རྣམ་རྒྱལ།        2021-09-30

  

གེ་སྨད་ཀྱི་མི་རྒྱུད་མཆེད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

     ཇི་སྐད་དུ།  གེ་ཞེས་བྱ་བ་མདོ་སྨད་ས་ཡི་ཆཿ གེ་སར་རྒྱལ་པོས་མགོན་སྐྱབས་བྱེད་པའི་ཡུལཿ གེ་རྒྱུད་གཏེར་སྟོན་འགག་མེད་རྡོ་རྗེ་ཡིསཿ  གེ་སར་གསོལ་མཆོད་འདོད་དོན་ལྷུན་གྲུབ་བྲིཿ  ཞེས་པ་ལྟར། ཁམས་ལི་ཐང་གི་ཁོངས་གཏོགས་གེ་སྨད་ཞེས་པའི་སྡེ་བ་འདི་གེ་སར་ནོར་བུ་དགྲ་འདུལ་གྱི་གདུང་རྒྱུད་ཡིན་ཞེས་པའི་ལོ་རྒྱུས་དོན་དང་མཐུན་པ་ཞིག་བརྗོད་རྒྱུ་ཡོད་དེ།  དེ་ཡང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ལ་དེང་སང་ཡོངས་གྲགས་ཀྱིས་ཁམས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་དུ་ངོས་འཛིན་པ་དང་། ཁྱད་པར་དུ་གེ་སར་རྒྱལ་པོ་དགུང་ལོ་སོ་གསུམ་སྐབས་དུས་རབས་བཅུ་གཅིག་པའི་མགོ་ཙམ་ལ་དེང་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་དཔལ་ཡུལ། ཉག་རོང་། གླིང་སྒ་སྐྱིད་སོགས་བརྒྱུད་རྒྱལ་ཁམས་རྒྱ་བསྐྱེད་ཀྱིས་ཤར་གྱི་འཇང་ས་དམ་རྒྱལ་པོ་གདུལ་སར་བྱོན་ཚེ། གེ་སྨད་གྱི་གཡས་རི་སེར་རྒོད་འབྲི་ཕྱུག། འཛམ་ལྷས་ནེའུ་ལེ་པང་འདྲ། གཡོན་རི་ན་འོག་ངོས་དཀར། སེང་གེ་གངས་ལ་འགྱིང་འདྲ། རྒྱབ་རི་གཡུང་དྲུང་རྣམ་རྒྱལ། དཔའ་བོ་དགྲ་ཐོག་ཆས་འདྲ། མདུན་རི་སེང་གེ་གཡུ་རྫོང་། རྒྱལ་པོ་ཁྲི་ལ་བཞུགས་འདྲ། རྐང་བཞིའི་བསོད་ནམས་དར་ས། ཕྱོགས་བཞིའི་མགྲོན་གཡང་འཁོར་ས། སྐུ་བཞིའི་རང་མདངས་གྲོལ་ས། མཐའ་བཞིའི་བདུད་དཔུང་འཇོམས་ས། གཡང་ཆགས་ནོར་བུའི་ས་ཆ། གླིང་ཡུལ་མཐོང་བ་ཀུན་སྨོན་དང་ས་དཔྱད་ཧ་ཅང་མཚུངས་པར་གཟིགས་ནས་ཡུལ་དེར་དམག་སྒར་བརྒྱབ། མཐར་གཡུལ་འགྱེད་ལོ་གསུམ་ཙམ་གྱིས་འཇང་ས་དམ་རྒྱལ་པོ་དམ་ལ་བཏགས་ཏེ་ཕྱིར་ལོག་གི་ལམ་བར་དུ་དེང་གེ་སྨད་སྡེ་ཞེས་པའི་གནས་འདིར་བཞུགས་སྒར་མཛད་སྐབས། གེ་སར་རྒྱལ་པོས་རང་གི་འཁོར་དུ་གྱུར་པའི་ལྷ་མོ་དང་མགོན་པོ་གཉིས་ཏེ་སྲུང་མ་མ་མགོན་གཉིས་ལ་རྗེས་སུ་འདིར་གེ་ཞེས་པའི་སྡེ་ཞིག་ཆགས་རྒྱུ་ཡོད་པས་ཁྱེད་གཉིས་ཀྱིས་སྡེ་དེ་ལ་དུས་གཏན་དུ་སྲུང་སྐྱོབ་མཛད་དགོས་ཞེས་བཀའ་བསྒོས་པ་དང་མ་མགོན་གཉིས་ནི་ད་ལྟའི་ལི་ཐང་ནས་ཕྱག་ཕྲེང་བར་གྱི་རྒྱལ་ཁབ་གཞུང་ལམ་གྱི་ལི་ཐང་ནས་མར་བརྩིས་པའི་སྤྱི་ལེ༧༣མཚམས་སུ་སེང་ལྕམ་གངས་རའི་རི་བརྒྱུད་ཐོག་ཏུ་རང་བཞིན་གྱིས་གྱེན་དུ་ལངས་པའི་རྡོ་རིང་པོ་གཉིས་ཏེ་རི་བོང་གི་རྣ་རིང་དང་མཚུངས་པས་རྒྱ་མིས་རི་བོང་རྣའི་རི(兔儿山)ཞེས་པ། དུས་རྟག་པར་དབུ་བཏེགས་ནས་སྡེ་བ་དེ་ལ་གཟིགས་བཞིན་པའི་རྡོ་རིང་དེ་གཉིས་དང་། རྡོ་རིང་དེ་གཉིས་ཀྱི་མདུན་དུ་གནས་པའི་མཚེའུ་ཆེན་པོ་མཚོ་ར་གྲང་དང་མཚོ་ནག་གཉིས་ནི་མ་མགོན་གཉིས་ཀྱི་བླ་མཚོ་ཡིན་ཞེས་གྲགས་ཤིང་། དེ་ལྟར་ཡིན་པའི་ཚུལ་ཡང་བཟོ་བཅོས་ལྷད་གསུམ་གང་གིས་ཀྱང་མ་རེག་པའི་གནའ་ཡིག་ཚད་ལྡན་སེང་ལྕམ་གངས་རའི་གནས་ཡིག་ལས། ཐ་ཚིག་བར་མ་འཕྲིན་ལས་འགྲོ་འདུལགེ་སར་གྱི་མཚན་གཞན།གྱིསཿ ས་དམ་རྒྱལ་པོ་འདུལ་བའི་དུས་བབ་དུསཿ གྲོགས་པོ་ལྷ་མགོན་གཉིས་ཀྱིས་མཛད་པ་ཡིསཿ འདུལ་ནས་སེང་ལྕམ་གངས་རར་ཐིམ་པ་མཛདཿ ……འབྲོག་སྐྱོང་དབང་པོ་གེ་ཞེས་བྱ་བ་ལཿ མཆོད་ཡུལ་སྡོང་གྲོགས་གནམ་སྨན་དཀར་མོའི་བསྟནཿ དེ་ལ་རྒྱང་གྲགས་རྡོ་རིང་དེའི་ནངཿ ལྷ་མགོན་གཉིས་ཀྱི་གནས་ནི་གསལ་བར་བཞུགསཿ མདུན་དུ་ལྷ་མགོན་གཉིས་ཀྱི་བླ་མཚོ་ཡོདཿ ཅེས་པ་དང་། འདིའི་སྐོར་ལ་ད་དུང་ལི་ཐང་གཡོན་རུ་དཔོན་པོ་འཆི་མེད་ཀྱི་ལུང་བསྟན་རྒྱ་ཆེན་པོ་ཡོད་པའི་གོ་ཐོས་བྱུང་། མཚེའུ་དེ་གཉིས་ཀྱི་མཐའ་སྐོར་དུ་ཆུ་ཤེལ་ལས་གྲུབ་པའི་སྒྲུབ་ཕུག་གེ་སར་གྱི་མཆོད་རྟེན་དང་གེ་སར་གྱི་ཞབས་རྗེས། ཕྱག་རྗེས། སོ་སོའི་ཐུགས་རྟགས་སོགས་མངོན་གསལ་དུ་མཇལ་རྒྱུ་ཡོད་པ་དང་གེ་སར་གྱི་སྐུའི་རྒྱབ་རྗེས། གེ་སར་དང་འཇང་རྒྱལ་གྱིས་དཔའ་རྩལ་ངོམ་པའི་རལ་གྲིའི་རྡོ་གས་མ། སྲུ་འབྲུག་མོའི་ཚོགས་མཆོད་ཕུལ་བའི་རང་བྱོན། གེ་སར་གྱི་འདུ་ར་འཚོགས་ས་འཛོམས་ཁྲི་ཞེས་པའི་རི་བོ་ཞིག་དང་། གནས་ཆེན་མངོན་རེག་སེང་གེ་གཡུ་རྫོང་གི་འདབས་སུ་གེ་སར་གྱི་སྒྲུབ་ཆུ་དང་སྲུ་འབྲུག་མོའི་ཐགས་ར་སོགས་ཀྱི་གནའི་དངོས་ཤུལ་ཧ་ཅང་མང་། གེ་སར་དུས་ཀྱི་མདུང་དང་རལ་གྲི། མདའ་གཞུ་སོགས་མཚོན་ཆ་མང་པོ་ད་སྐབས་གེ་དགོན་འཕྲིན་ལས་བསྟན་འཕེལ་གླིང་གི་ནང་རྟེན་གྱི་གྲས་སུ་བཞག་ཡོད། དམངས་ཁྲོད་དུའང་གེ་སར་དང་དཔའ་ཐུལ་གྱི་འབག་འཆམ་དང་གེ་སར་ལ་བསང་མཆོད་འབུལ་སྲོལ། རྟ་རྒྱུག་དང་མདའ་འཕེན་སོགས་མདོར་ན་གེ་སར་དང་འབྲེལ་བ་ཡོད་ཅེས་པའི་སྟོན་མོ་དུ་མ་སྤེལ་རྒྱུ་ཡོད།

    ཕྲན་གྱིས་གོང་ཞུས་ལྟར་གེ་སར་ནོར་བུ་དགྲ་འདུལ་གྱི་འཁྲུངས་ཡུལ་ནི་སྡེ་དགེའི་ཚབ་ཚྭ་ཨ་ཕྱུག་གླིང་ཡིན་པ་ཡོངས་སུ་གྲགས་པ་བཞིན་ཡིན་པས། སྒྲུབ་བྱེད་གང་ཡང་སྨྲ་དགོས་ཀྱི་མི་འདུག  དེ་ལྟར་ན་གེ་སར་ནོར་བུ་དགྲ་འདུལ་གྱི་མི་རྒྱུད་ལས་རིམ་བཞིན་མཆེད་པའི་ཚབ་ཚྭ་ལུ་གུ་ཚེ་རིང་སྤུན་བཞི(བུ་གཟུར་དང་རིལ་ལུ་དང་ལི་རྗེས་དང་ཁོ་རང་དང་བཅས་པ)གཙོར་བྱས་པའི་མི་འགའ་ཤས་འཁྱམ་པོའི་ཚུལ་དུ་དེང་གི་དཔལ་ཡུལ་དང་གླིང་སྒ་སྐྱིད་སོགས་བརྒྱུད་ནས་ནུབ་ཕྱོགས་ཏ་ཤོད(དེང་དཀར་མཛེས་འབའ་ཐང་རྫོང་གི་ཁོངས་གཏོགས་)དང་ཀམ་པོ་གངས་ར(དེང་དཀར་མཛེས་ལི་ཐང་རྫོང་གི་ཁོངས་གཏོགས)ཡི་ཕྱོགས་སུ་གཞིས་ཆགས། སྡེ་པ་དེ་ལ་དེ་ནས་བཟུང་གེ་མང་ཞེས་པའི་མིང་ཐོགས་པ་རེད།  གེ་ནི་གེ་སར་གྱི་གདུང་རྒྱུད་དང་མང་ནི་མི་མང་པོ་ཞེས་པའི་དོན་ཡིན། སྐབས་དེར་ཚབ་ཚྭ་ལས་མཆེད་པའི་སྡེ་བ་དེ་དག་གིས་ཀརྨ་པ་དུས་གསུམ་མཁྱེན་པས་བཏབ་པའི་དགོན་པ(དེང་གི་གནས་སྒོ་དགོན)འདི་ལ་བརྟེན་ནས་གཞི་གསར་བཟོ་བྱས། དེའི་རྗེས་སུ་རྒྱལ་དབང་ལྔ་པའི་སྐབས་ལ་ཧོར་དམག་གི་རམ་འདེགས་འོག་བཀའ་བརྒྱུད་པར་དྲག་གནོན་བྱེད་པའི་ཚེ།  སྤྱི་ལོ་༡༦༦༧ ལོ་ནས་དགོན་སྡེ་དེ་ལ་ཡང་གྲུབ་མཐའི་འཐབ་རྩོད་བྱུང་སྟེ་སྡེ་བ་དེ་ལས་དུད་ཚང་དགུས་ཅིས་ཀྱང་དགེ་ལུགས་ལ་ཁས་མི་བླངས་པར་གྲུབ་མཐའ་བསྒྱུར་དགོས་ན་གསང་ཆེན་རྙིང་མར་བསྒྱུར་རྒྱུར་བྱས་ནས། གཡོན་རུ་དཔོན་པོ་འཆི་མེད་དང་འཛམ་དཔོན་ཉི་མ(དེ་གཉིས་ནི་ས་ཁུལ་གྱི་དཔོན་པོ་ཡིན)གཉིས་ལ་ས་གཡར་ཞུས། དཔོན་པོ་གཉིས་ཀས་ཀྱང་ལུང་བསྟན་བཞིན་ད་ལྟའི་ལི་ཐང་རྫོང་གྲོང་གི་ཤར་ལྷོའི་མཚམས་རྫོང་གྲོང་དང་བར་ཐག་ཧ་ལམ་སྤྱི་ལེ༡༡༣ ཙམ་ཡོད་པའི་བསོད་ནམས་ཀྱི་ཆར་པ་འབབ་ས་དེ་གནང་། དེ་ནས་སྡེ་དེ་དུམ་བུར་གཉིས་སུ་གྱེས་ཏེ་དུད་གྲངས་སུམ་ཅུ་ཙམ་ས་དེར་ཆགས། གེ་མང་ལ་སྟོད་སྨད་གཉིས་ཀྱི་དབྱེ་བ་ཕྱེས་པ་ཡང་དེ་ནས་བྱུང་། གེ་སྨད་ཀྱི་དགོན་པ་ཡང་འཕྲལ་དུ་གཙུག་ལག་ཁང་དང་། གྲྭ་ཁང་སོགས་མ་འཛོམས་པས་སྟབས་བདེའི་གུར་གྱི་དགོན་པ་ཞིག་བྱས། རྗེས་སུ་གེ་དགོན་འཕྲིན་ལས་བསྟན་འཕེལ་གླིང་ཞེས་པའི་རྙིང་མའི་དགོན་ཆེན་འདི་གྲུབ་པ་རེད། དགོན་ས་འདི་ཡང་སྔོན་བྱོན་སྐྱེས་མཆོག་དམ་པའི་བྱིན་རླབས་ཅན་རྗེ་ཕག་མོ་གྲུ་པའི་གདན་ས་ཡིན་ཚུལ་པདྨ་རྣམ་གྲོལ་གླིང་པའི་གཏེར་ལུང་ལས། ཤར་རི་ལ་གནས་རྒྱལ་འགོང་གིསཿ སྐྱེ་འགྲོའི་བླ་ཚེ་སྲོག་དབུགས་སྡུདཿ དེ་ལ་ཕག་མོའི་སྤྲུལ་པ་ནིཿ ཨ་ཡིག་མིང་གིས་བཏུལ་བར་བྱེདཿ ཅེས་པ་དང་། དེ་ལས་འཕྲོས་པའི་ད་ལྟར་ཡུལ་གྲུ་དེར་དུད་གྲངས་སུམ་བརྒྱ་ལྷག་ཙམ་དང་མི་གྲངས་གཅིག་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པའི་སྡེ་བ་ཆེན་པོ་ཞིག་ཏུ་མཆེད་སོང་།

     མདོར་ན་གེ་སྨད་ནི་ཚབ་ཚྭ་ལས་མཆེད་པ་དང་གེ་སར་ནོར་བུ་དགྲ་འདུལ་ཡང་ཚབ་ཚྭའི་དགོན་གནས་ཏེ་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པ་ཡིན་པས། གེ་སྨད་ཀྱི་མེས་པོ་དང་གེ་སར་རྒྱལ་པོའི་བར་དུ་འབྲེལ་བ་ཡོད་པ་གཞན་སུས་ཀྱང་ཐེ་ཚོམ་མི་དགོས།


  • ལེ་ཚན་སྔོན་མ།:གནས་ཆེན་མངོན་རིག་སེང་གེ་གཡུ་རྫོང་ལ་ཅུང་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།