གེ་སར་སྒྲུང་ཞྭའི་འགྲེལ་ཀློག་ཟིན་ཐོ།

ཞི་ཆུང་།        2021-04-01

གེ་སར་སྒྲུང་ཞྭའི་འགྲེལ་ཀློག་ཟིན་ཐོ།

     སྤྱིར་སྣོད་བཅུད་ཀྱི་བྱ་དངོས་ཆེ་མ་ཆུང་གསུམ་གང་ཡང་རུང་བ་ཚན་རིག་དང་མཐུན་པས་ཞིབ་འཇུག་བྱ་རྒྱུ་ནི། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་རྟགས་མཚན་འགངས་ཆེན་ཞིག་ཡིན་པ་ཤོད་མ་དགོས་པ་རེད། དེ་བཞིན་དུ་འུ་ཅག་གིས་གླིང་སྒྲུང་ཞིབ་འཇུག་བྱེད་སྐབས། ལོ་རྒྱུས་སྙན་ངག་རིང་མོ་ལས་འཕྲོས་པའི་རིག་གནས་གང་མ་ཞིག་མི་ཀུན་གྱི་སྤྱན་ལམ་དུ་ཡོད་རུང་། སོ་སོའི་སྨྱུག་རྩེ་ནས་ཐོན་ཐུབ་མེད་སྙམ། ལ་ལ་ཕར་བལྟས་ན་དོན་ཆུང་ཡིན་པ་འདྲ་མོད། རེད་དེ་ཞིབ་པར་བརྟག་ན་ཞིབ་འཇུག་གི་རིན་ཐང་ཆེན་མོ་མངའ་བ་འཁུམ་ཐུབ། དེས་ན་སྐབས་འདིར་ཕྲན་གྱིས་གེ་སར་སྒྲུང་ཞྭའི་སྐོར་གླེང་འདོད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

གཅིག།  སྒྲུང་ཞིའི་བྱུང་རིམ་དང་གེ་སར་གྱི་མཛད་རྣམ།

     འདིར་གེ་སར་སྒྲུང་ཞྭ་ཞེས་པ་དེ་གེ་སར་སྒྲུང་མཁན་རྣམས་ཀྱིས་སྒྲུང་ལེན་སྐབས་སུ་སྤྱོད་པའི་ཞྭ་དམིགས་བསལ་པར་གོ་དགོས། དམངས་ཁྲོད་ཀྱིས་དེར་སྒྲུང་ཞྭ་ཟེར། འདིར་གེ་སར་སྒྲུང་ཞྭ་དང་བརྗོད་པ་དེ་ཡང་དེང་སང་གཞོན་སྐྱེས་དག་གི་གོ་བདེ་བའི་ཕྱིར་རོ།། མ་གཞི་གེ་སར་ཁོང་ཉིད་ཀྱི་དབུ་ཞྭ་རེད་ཟེར་ན་ཆོག་ཆོག་རེད། དེའི་རྒྱུ་མཚན་ནི་གེ་སར་དགུང་ལོ་ཆུང་དུས་དང་ཧོར་འདུལ་སྐབས་དང་།གསེར་ཁྲིར་མངའ་གསོལ་རྗེས་སུ་གང་ལ་གང་འཚམས་ཀྱི་ཞྭ་དེ་དབུ་ལ་གསོལ་ཡོད་པ། སྒྲུང་ཡིག་དང་ཐང་རྙིང་ཁྲོད་མཐོང་ཐུབ། ཞྭ་དེ་དབུལ་པོའི་ཞྭ་དང་རྒྱལ་པོའི་ཞྭ་དང་ཆོས་པའི་ཞྭ་སོགས་དངོས་གཅིག་དོན་མང་ལྡན་པའི་ཞྭ་ཁྱད་པར་བ་ཞིག་ཡིན་པར་བསྟན། སྒྲུང་ཞྭ་ནི་སྔར་སྒྲུང་པ་རྣམས་ཀྱི་རིག་གནས་ཁྱད་རྟགས་མེད་དུ་མི་རུང་བ་ཞིག་དང་། དཔལ་འབྱོར་ཆ་རྐྱེན་ཅུང་ལྡན་པའི་སྒྲུང་པ་ཞིག་ཡིན་ན། ད་དུང་སྒྲུང་ཐང་ཡང་ཡོད་དོ།། སྒྲུང་ཞྭ་ཞེས་པའི་ཐ་སྙད་དེ་ཡང་སྔར་གེ་སར་གྱི་དབུ་ལ་གསོལ་སྐབས་སུ།བརྗོད་ལུགས་འགའ་ཡོད་པ་སྒྲུང་ཞིག་ལས་གསལ། དཔེར་ན་ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་། འཛོམ་ཞྭ་སྒོ་བཞི་ཁྲ་ཆུང་། སྟོང་ཉིད་སྒོམ་ཞྭ་ཁྲ་ཆུང་སོགས་འཁོད་འདུག། སྒྲུང་ཞྭའི་བྱུང་བ་དཔྱད་ན། གླིང་སྒྲུང་འགའ་རེའི་ཁྲོད་ཞྭ་བཤད་ཅེས་པའི་སྒྲུང་ཞྭའི་སྐོར་ཁ་གསལ་པོ་འཁོད་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།། གླིང་སྒྲུང་ལོ་རྒྱུས་བརྒྱུད་རིམ་ལྟར་ན། སྒྲུང་ཡིག་གལ་ཆེན་གཉིས་ཀྱི་ཁྲོད་ཞྭ་དེ་མཚམས་སྦྱོར་བྱས་ཡོད་པ་དེ་ཡང་སྒྲུང་ཞྭ་ཞིབ་འཇུག་ཏུ་བྲལ་ཐབས་མེད་པའི་རྒྱུ་ཆ་ཞིག་ཏུ་གྱུར། སྒྲུང་ཡིག་དེ་དག་ནི་རྟ་རྒྱུག་ནོར་བུ་ཆ་བདུན་དང་ཧོར་གླིང་གཡུལ་འགྱེད་ཀྱི་ཧོར་ཕར་འདུལ་སྐབས་སོགས་སོ།། དེ་ནས་སྒྲུང་ཞྭ་དེ་ཐོག་མར་རྟ་རྒྱུག་ནོར་བུ་ཆ་བདུན་ནང་དུ་འཁོད་འདུག། དེ་ཡང་གླིང་གི་རྟ་རྒྱུག་པས་བར་སྐབས་ཤིག་ན་ཨ་གེ་ཚངས་པ་ངོ་ལུག་དང་ཇོ་རུ་གཉིས་ལམ་བར་དུ་ངོ་ཐུག། ཚངས་པས་བུ་ཇོ་རུ་འདི་གང་ནས་བརྟགས་ཀྱང་སྐྱེས་བུ་ཕལ་པ་ཞིག་མིན་པ་ཤེས་ཏེ། དེ་རིང་གཟའ་སྐར་ལེགས་པས་རྟེན་འབྲེལ་འགྲིག་སོང་བསམ་ནས། ཁོང་གི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བའི་མཚོན་སྲུང་དང་གླིང་ཆེ་རྒྱུད་ཚང་གི་རྟེན་ཁྱད་པར་ཅན་ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་བླངས་ནས་བུ་ཇོ་རུར་ཕུལ། ཇོ་རུ་ཐུགས་ཤིན་ཏུ་དགྱེས་ཏེ་མྱུར་དུ་དབུལ་ནབ། དེ་ནས་བཟུང་ཇོ་རུའི་དགོ་བོའི་ཇོག་ཞུ་སོགས་གླིང་གི་རྟེན་དུ་སྦས་པར་བཤད། སྒོམ་ཞྭ་ཁྲ་ཆུང་ནོ་ཇོ་རུའི་རང་གཤིས་ཆ་ལུགས་སུ་གྱུར། ནམ་རྒྱུན་ཁོང་གིས་བེར་དཀར་དམར་དང་དབུ་ཞྭ་དེ་ནབ་པར། གོས་ངན་སྤྲང་པོའི་ཚུལ་མཛད་པ་དོར་ནས་གླིང་གི་རྒྱལ་པོར་གྱུར། ཁོང་གི་མཛད་འཕྲིན་གྱི་གོ་རིམ་དང་ལས་དབང་འཕོ་འགྱུར་ལོ་རྒྱུས་གྱི་འཕེལ་རིམ་དང་འགྲོགས་ཏེ་སྐུ་ཆས་ཡང་དེ་བཞིན་འགྱུར་བ་སོང་། སྐུ་ན་ཆུང་དུས་སུ་ཆ་ལུགས་རིགས་གཉིས་བསྟན་པ་ནི་ཁོང་ཚེ་སྟོད་ཀྱི་རྟགས་མཚན་ཁྱད་པར་བ་ཞིག་ཡིན་ལ། མཛད་འཕྲིན་རྒྱལ་མཚན་དགུང་དུ་བསྙེགས་ཏེ་ཉེར་འཚེ་མ་ལུས་འཇོམས། རྟེན་འབྲེལ་ལེགས་ཚོགས་ཀུན་བསམ་བཞིན་འགྲིག་པའི་དུས་གལ་ཆེན་གཅིག་ཡིན། རྒྱུ་མཚན་དེའི་དབང་གིས་དེང་དུས་ཇོ་རུའི་སྐུ་བརྙན་ཐང་ག་འཁྲབ་ཆས་སོགས་བཞེངས་སྐབས་སུ་ཆ་ལུགས་མི་འདྲ་བ་རིགས་གཉིས་དེ་གང་ལ་གང་འཚམས་བཞེངས་བསྐྲུན་བྱས་ན་ལེགས་རྒྱུ་རེད་སྙམ།

གཉིས། སྒྲུང་ཞྭའི་བཟོ་བཀོད་དང་སྔར་དེང་གི་ཧེ་བག

     སྒྲུང་ཞྭ་ནི་གླིང་སྒྲུང་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣང་ཚུལ་ཞིག་དང་། དེ་ཡང་དམངས་ཁྲོད་རིག་གནས་ཀྱི་རྣམ་པ་ཞིག་དང་། སྒྱུ་རྩལ་དངོས་པོ་ཞིག་ཀྱང་ཡིན་ལ། བོད་ཀྱི་རིག་གནས་སྣ་མང་འཛོམས་པའི་གླེགས་བམ་ཞིག་དང་མཚུངས། དེ་འགྲེལ་ཀློག་ཡང་སྒྲུང་ཞྭའི་ཆེད་དུ་སྒྲུང་ཞྭ་ཞིབ་འཇུག་ཙམ་མ་ཡིན་པས།སྒྲུང་ཞྭའི་ཁྲོད་དུ་སྦས་པའི་བོད་ཀྱི་བསམ་བློ་དང་རིག་གནས་གྱ་ནོམ་པའི་ཟུར་ཙམ་འདྲེན་པར་དམིགས་པ་ཡིན། དེ་དང་ཆབས་ཅིག་ཏུ་སྒྲུང་ཞྭའི་བཟོ་བཀོད་དང་དབྱིབས་སམ་ཚུགས་ཀ་ཚད་གཞི་ཁུངས་ཡོད་མེད་དེ་ཡང་བརྡར་ཤ་གཅོད་གང་ཐུབ་བྱ་རྒྱུ་ནི་རྗེས་རབས་པར་ནོར་འཁྲུལ་གྱི་གོ་སྟོན་མི་བྱེད་ཕྱིར་དུ་ལུང་དང་དོན་གྱི་སྒྲུབ་བྱེད་རེ་ཡོད་ན་དེ་ལྟར་ཞིབ་འཇུག་བྱས་ན་དོན་དང་ལྡན་པ་ཞིག་རེད། སྤྱིར་སྒྲུང་ཞྭ་དེ་དུས་ནམ་ཞིག་ནས་དར་བ་ཡིན་ཤོད་ཁག་པོ་རེད་དེ། ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་ཚོད་རེད། དམངས་ཁྲོད་རིག་གནས་ཁོངས་གཏོགས་མི་རིགས་རིག་གནས་གཙང་མ་དེ་ནམ་རྒྱུན་དམངས་སྲོལ་རིག་གནས་ཁྲོད་མ་ཉམས་པར་གནས་ཡོད་ན། སྲོལ་རྒྱུན་འགའ་རེ་རང་སྣང་གང་ཤར་གྱིས་རྟོག་བཟོ་དང་གསར་གཏོད་མི་རུང་བ་མཁས་པ་འགའ་རེས་གསུང་པ་ཐོས་མྱོང་། དེར་རྒྱུ་མཚན་ཡོད་འདུག་སྙམ།སྤྱིར་དེང་སང་བོད་ཀྱི་སྲོལ་རྒྱུན་རིག་གནས་གང་མང་ཞིག་ལ་དུས་རབས་ཀྱི་འགྲོས་དང་བསྟུན་ནས། འབྲེལ་ཡོད་རྣམ་དཔྱོད་ཅན་སོ་སོས་བློ་སྐྱེད་བར་སྟོང་རྒྱ་ཆེ་རུ་བཏང་སྟེ་གསར་གཏོད་རང་བཞིན་ལྡན་པའི་བརྩམས་ཆོས་སྣ་མང་ཞིག་ཆར་རྗེས་ཤ་མོ་རྡོལ་བ་བཞིན་བྱུང་འདུག།དེ་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཐབས་ལམ་གསར་པ་ཞིག་རེད་མོད། ཡིན་ནའང་དོན་འདིའི་ཐད་ད་དུང་ཉམས་འཇོག་དགོས་ས་ཡོད་དེ། སྲོལ་རྒྱུན་རིག་གནས་གང་ཡིན་རུང་། དར་སྤེལ་དང་གསར་གཏོད་དགོས་པ་གང་ཞིག་ཐོག་མར་རིག་གནས་དེ་ཉིད་དངོས་གཞི་འཁྱོངས་པ་དེ་རེད། མ་མེད་ན་བུ་གང་ནས་བྱུང་། དངོས་གཞི་མེད་ན་དེའི་གསར་གཏོད་ཡང་ཡོད་མི་སྲིད།སྐབས་སུ་བབ་པའི་གཏམ་ལ། སྒྲུང་ཞྭའི་བཟོད་བཀོད་ཡང་དེང་སང་འདྲ་མིན་སྣ་ཚོགས་མཐོང་གི་འདུག། དེ་དག་རང་རང་སོ་སོའི་ཡིད་དུ་འཆར་ལུགས་ཡང་ན་དག་སྣང་སྐོར་གྱི་རྒྱུ་མཚན་རེ་སྙད་ཀྱི་ཡོད་ན་ཐང་དང་། འུ་ཅག་ཐོག་མར་སྔར་གྱི་སྒྲུང་ཞྭ་རྙིང་པ་དག་གིས་མ་དཔེ་བྱས་ནས་གསར་བཟོ་བྱས་ན་སྲོལ་རྒྱུན་འཛིན་ཟེར་བ་དེ་རེད། དེ་མིན་རང་སྣང་གང་ཤར་གྱིས་ར་མགོ་ལུག་སྦྱར། སྦྲུལ་རིས་སུག་སྣོན་གྱིས་གསར་གཏོད་བྱས་རུང་སྒྲུང་ཞྭ་ལྟ་བུར་མཚོན་ན་དེར་དོན་སྙིང་དང་དགོས་པ་ཆེར་མེད། ཅིའི་ཕྱིར་ཞེ་ན་སྔར་གྱི་སྒྲུང་ཞྭ་དག་མཛེས་ཉམས་དང་མཚོན་བྱེད་དོན་སྙིང་ལྡན་པ་ཞིག་ཡིན་པས། དེ་ལས་ལྷག་ཅིག་མི་དགོས། དེ་ན་སྒྲུང་ཞྭར་ཚད་གཞི་ཡོད་མེད། ཡོད་ན་གང་ལྟར་དགོས་ཞེ་ན། ཡོད་དེ་གླིང་སྒྲུང་རྙིང་པ་དག་ནས་ཞྭ་བཤད་དང་གཅིག། སྒྲུང་ཐང་རྙིང་པ་རྣམས་ནས་གསལ་བའི་ཇོ་རུའི་སྒོམ་ཞི་ཁྲ་ཆུང་དང་གཉིས། དེང་དུས་བོད་ཡུལ་དུ་མཐོང་རྒྱུ་ཡོད་པའི་ཞྭ་རྙིང་ཁ་ཁེར་དང་གསུམ། སྒྲུང་མཁན་རྒས་པ་དག་གིས་གསར་བཟོ་བྱས་པའི་སྒྲུང་ཞྭ་དང་བཞི། སྔར་གྱི་སྒྲུང་ཞྭའི་པར་རྙིང་དང་ལྔའོ།། གོས་སྨོས་ཁ་ཚང་གཤིབ་བསྡུར་བྱས་ནས་བལྟས་ན། སྔར་མདོ་དབུས་ཁམས་གསུམ་གྱི་སྒྲུང་ཞྭའི་དབྱིབས་དང་ཁ་དོག་རྒྱན་ཆ་སོགས་ཕལ་ཆེར་ཁྱད་པར་ཆེན་མོ་མི་འདུག། དེ་ནི་ཁུངས་བཅོལ་ས་ཞྭ་བཤད་གཅིག་པུ་ཡིན་པའི་ཕྱིར་རོ།། དེ་ན་སྒྲུང་ཞྭའི་གྲུབ་ཆ་ཚེམས་བྱེད་རྒྱུ་ཆ་དང་བརྒྱན་ཆའི་དངོས་རྫས་རིགས་གཉིས་ལས་གྲུབ། སྒྲུང་ཞྭའི་ཐུན་མོང་མ་ཡིན་པའི་དབྱིབས་དང་ཚུགས་ཀ་དེ། མི་རྣམས་ཀྱི་མཐོང་བ་ཙམ་གྱིས་དེ་སྒྲུང་ཞྭ་རེད་སྙམ་པའི་ཉམས་མྱོང་སྣང་གཟུགས་ཤིག་ཆགས་ཐུབ། སྒྲུང་ཞྭའི་རྒྱུ་ཆ་གཙོ་བོ་ཕྱིང་པ་དང་གཡོག་ནི་རས་དཀར་པོ་ཡང་ན་སྐྱ་བོ་ཡིན། ཐོག་མར་མཐོ་མཇལ་སོར་ཚད་བྱས་ནས་བཟོ་བཀོད་བྱེད་པའི་སྲོལ་ཡོད། ཞྭ་དབྱིབས་ལ་མཚོན་ན་སྒང་པ་བོད་དེ་རི་བོ་དང་བྲལ་ཐབས་མེད་པའི་ཕྱིར་དང་རི་བོར་དུང་ཞེན་ཟབ་པའི་དབང་གིས། ཞྭ་དེ་རི་བོ་ཞིག་ལ་དཔེ་བླངས་པ་ཡིན་ཞེས་གླིང་སྒྲུང་ལས་བཤད། དེ་ཡང་གངས་ཅན་ཡུལ་གྱི་གནས་རི་གང་མང་གཤིབ་བསྡུར་བྱས་མཐར་འཇོག་ས་མདུད་ས་དེ། རྟ་རྒྱུག་ནོར་བུ་ཆ་བདུན་ལས་གེར་འཚོའི་རི་དམར་དབང་ཞུ་དེ། ཕ་བླ་མས་པད་ཞྭ་ནབས་འདྲ་ལ།པད་ཞྭ་དར་གྱིས་བརྒྱན་འདྲའི་རི། དེ་ལ་ཞྭ་དཔེ་འཇོག་བསམ་ཞེས་དང་ཡང་གླིང་སྒྲུང་གཞན་ཞིག་ལས། རི་རྩ་བ་གཅིག་ལ་རྩེ་མོ་གསུམ།། དབུས་ཀྱི་རི་བོ་མཆོག་རབ་རེད།། རི་དེ་དང་ཞྭ་དཔེ་བླངས་ན་ཆོག་ཅེས་པར་དཔྱད་ན་སྒྲུང་ཞྭའི་ཚུགས་ཀ་དེ་གངས་རི་རྩེ་གསུམ་ལ་སྤྱི་མཚན་ཙམ་འདྲ་མོད། རེད་དེ་གངས་རི་གཟུགས་རིས་ཙམ་ཡང་མིན། ཨོ་རྒྱན་པད་ཞུ་དང་ཅུང་འདྲ་ལ། པད་ཞུ་འདྲ་བཟོ་ཡང་མ་ཡིན། སྒྲུང་ཞའི་རྩེ་མོ་ཅུང་རྣོ་ལ་ཟུར་གསུམ་དང་། ཞྭ་རྐེད་ཅུང་ཆེ་ལ་དགྱེ་བ། ཞྭ་མཐའ་ཅུང་ཆུང་བ་རུབ་པ། ཞྭ་ཟུར་གཡས་གཡོན་གཉིས་ལ་གཉིས། ཞྭ་རྩེ་གསུམ་ཟུར་བཞི་ལོགས་བརྒྱད་གདོང་དྲུག་ཞྭ་ལུང་ལ་འདོམ་གང་དགོས། ཞྭ་རྩེ་ཐད་ལ་སོར་གསུམ། ཞྭ་གཟུགས་གྱེན་ལ་གྲུ་གང་། ཞྭ་མཐའ་ཐད་ལ་སོར་ལྔ་ཞྭ་གདོང་ལ་མཛུབ་གང་། ཞྭ་ཟུར་གཉིས་ཀྱིས་ཞྭ་རྣ་སྦྱར་སར་སོ་སོར་ལྟེབ་ངོས་གཉིས་ཡོད་པར། ནམ་རྒྱུན་ཞྭ་ལྟེབས་ནས་ཉར་ཚགས་བྱ་སྲིད། དེ་ནས་སྒྲུང་ཞྭའི་རྒྱན་ཆ་མདོ་ཙམ་བཤད་པ་ལ། ཞྭ་རྩེ་བྱ་སྒྲོ་འདྲ་མིན་བརྒྱན། དེ་དག་ནི། རྒོད་སྒྲོ། འུག་སྒྲོ། གླག་སྒྲོ། རྨ་སྒྲོ། ཆུ་བྱའི་སྒྲོ། ཁུ་བྱུག་གི་སྒྲོ། རྒྱ་བྱའི་སྒྲོ། ཏེ་ཕོའི་སྒྲོ། ནེ་ཙོའི་སྒྲོ། ངང་པའི་སྒྲོ། བྱ་བང་གི་སྒྲོ། གོང་མོའི་སྒྲོ། ཁྲུང་ཁྲུང་གི་སྒྲོ། ཕུག་རོན་གྱི་སྒྲོ། བྱ་རོག་གི་སྒྲོ། ཁྲ་སྒྲོ་སོགས་སོ།།སྒྲུང་ཞྭའི་མདུན་ངོས་སུ་ཁྲ་ཆེམ་ཆེམ་གྱི་རྣམ་མང་རྒྱན་ཆས་སྤྲས་པར། སོ་སོར་ཡིད་དབང་རབ་ཏུ་འགུག་པའི་མཚོན་བྱེད་བརྗོད་དོན་རེ་རེ་ཡོད་པ་ནི་སྒྲུང་ཞྭའི་རྨད་བྱུང་འཆར་ཡན་སྒྱུ་རྩལ་གྱི་རྣམ་པ་ཞིག་གོ། རྒྱན་ཆ་ཡོངས་སུ་འཛོམས་པའི་སྒྲུང་ཞྭ་ཞིག་མཐོང་དཀོན་པས། སྔར་གྱི་སྒྲུང་ཞྭ་དག་གི་ངོས་སུ་རྒྱན་ཆ་མང་པོ་མི་འདུག། དེ་ནི་དངོས་རྫས་ཀྱི་ཆ་རྐྱེན་མ་འཛོམས་པའི་ཕྱིར་རོ།། སྒྲུང་ཞྭར་ཡོད་དགོས་པའི་རྒྱན་ཆ་ཡོད་ཚད་དེ་འདི་ལྟར་རོ།། བྱ་ཁྱུང་། མེ་ལོང་། དར་ཤམ། རྡོ་རྗེ། མགྲོན་ཚོམ། ལྕགས་ནག་ཟུར་གསུམ། རྩ་ཐོག།ཐོག་རྫས། ཕུར་བ། ཁྲབ་བྱང་མིག་དགུ། མགྲོན་བུ། གཡས་ལྕགས་མདའ། གཡོན་གཞུ་མོ། མེ་ཏོག།ཉི་ཟླ། ནོར་བུ། མེ་ཏོག་པདྨ། ཟངས་ཁབ། དར་ཚོན་སྣ་ལྔ། ཨ་དཀར་འབྲུ་དྲུག། གཡས་སུ་དུང་གིས་བརྒྱན། དུང་མིག་བྱུ་རུ། མུ་མེན་ཏོག་པོ། ཤེལ། གཡུ།ཞྭ་མཐའ་སྐུད་པ་དཀར་ནག་བསྒྲིམས་ནས་བརྒྱན། དུང་དཀར་ནོར་བུ་སུམ་ཚུགས། མཆོད་རྟེན། གྲི། སྒ། མུ་ཏིག་བརྒྱད་ཅུ། ཁ་དཀར་སུམ་ཅུ་སོགས་ཀྱིས་བརྒྱན་པ། དེ་དག་ནི་སྣོད་བཅུད་ཀྱི་དོན་དངོས་གང་མང་ཞིག་མཚོན་བྱེད་ཡིན། དེའི་རྒྱབ་ཏུ་གབ་པའི་བསམ་བློ་ནི་བོད་མི་རིགས་ཀྱི་འཇིག་རྟེན་ལྟ་བ། མཚན་ཉིད་རིག་པའི་ལྟ་བ་དང་། གླིང་སྒྲུང་བརྗོད་བྱའི་ཆ་འཕྲིན་གང་མང་དེ་མི་རྣམས་གོ་སྟོན་བྱེད་པ་ནི་སྒྲུང་ཞྭའི་སྒྱུ་རྩལ་ཁྱད་ཆོས་ཤིག་གོ། གཞན་ཡང་རྟ་རྒྱུག་ནོར་བུ་ཆ་བདུན་དང་ཧོར་གླིང་གཡུལ་འགྱེད་ཁྲོད་ཀྱི་ཞྭ་བཤད་དང་སྔར་གྱི་གེ་སར་ཐང་རྙིང་ཁྲོད་ཀྱི་གེ་སར་སྐུ་བརྙན་སོགས་གཤིབ་བསྡུར་བྱས་ནས་དཔྱད་ན། ཇོ་རུའི་སྒོམ་ཞུ་ཁྲ་ཆུང་དང་ཕྱིས་སུ་རིམ་འགྱུར་བྱུང་བའི་སྒྲུང་ཞྭ་གཉིས་གཞི་གཅིག་ཡིན་རུང་། ཁྱད་པར་ཅུང་ཙམ་ཡོད་འདུག་སྙམ། རྟ་རྒྱུག་ལས་སྒོམ་ཞུ་ཁྲ་ཆུང་པད་འདབས་དྲུག་གིས་བརྒྱན་ཞེས་བརྗོད། དེ་པད་ཞྭ་ལ་ཅུང་ཙམ་འདྲ་ཡང་གངས་རི་ལ་ཡང་འདྲ་ཞད་ཡོད། ཞྭ་དེར་རྒྱན་ཆ་མང་པོ་ཡང་མེད། དེ་ནི་གེ་སར་གྱི་ཐོབ་ཐང་མཚོན་བྱེད་གཅིག་ཡིན།རྗེས་སུ་འཕྲུལ་འགྱེད་ཀྱིས་ཚུལ་དུ་འཛོམ་པ་སྤུན་གསུམ་གྱི་དབུ་ཞྭ་རུ་བསྒྱུར། སྒྲུང་ཞྭ་མ་དཔེ་དངོས་དེ་ཡིན་པ་འདྲ། དེར་སྒྲུང་ཞྭ་ཞེས་འཁོད་མེད་རུང་། ཕྱིས་སུ་སྒྲུང་མཁན་རྣམས་ཀྱིས་གེ་སར་རྗེས་དྲན་གྱི་ཕྱིར་དུ་ཞྭ་བཤད་ལྟར་བཟོས་པ་རེད། མདོར་ན་སྒྲུང་ཞྭའི་དབྱིབས་དང་བཟོ་ལྟ་མདོ་དབུས་ཁམས་གསུམ་ཕལ་ཆེར་གཅིག་མཚུངས་རེད།

གསུམ། སྒྲུང་ཞྭ་ཆུང་ཆུང་ལས་བརྡོལ་བའི་འཇིག་རྟེན་ཆེན་པོའི་རྣམ་བཞག།

     ལོ་རྒྱུས་ཀྱི་གླེགས་བམ་ལྟ་བུའི་སྒྲུང་ཞྭ། ཚོར་བའི་མཚན་ཉིད་མི་ལྡན་པའི་དངོས་པོར། སྒྱུ་རྩལ་བས་ཚེ་སྲོག་གསོན་ཤུགས་གཟུད་དེ། སྒྱུ་རྩལ་སྣང་གཟུགས་ཀུན་འདུས་དང་། འཇིག་རྟེན་བསྡུས་གཟུགས་འདིའི་ངོས་སུ་མི་རྣམས་ཀྱིས་བློ་སྐྱེད་གོམ་ཁ་བསྒྱུར་ཏེ་དལ་གྱི་ཉུལ་ཚེ། དྲན་དབང་འགུག་པའི་སྒྱུ་རྩལ་གྱི་བྲོ་བ་ཁྱད་འཕགས་ཤིག་མྱང་ཐུབ་པར་གྱུར། སྤྱིར་འཇིག་རྟེན་འདིའི་ཐོག་རིག་གནས་ཁུངས་སུ་གཏོགས་པའི་རྣམ་པ་བགྲངས་ལས་འདས་པ་ཞིག་ཡོད་མོད། རེད་དེ་མདོར་བསྡུས་ནས་བཤད་ན་རིགས་གསུམ་ལས་མི་འདའ་བར། དེ་ནི་བསམ་བློའི་རིག་གནས་དང་། དངོས་པོའི་རིག་གནས། ལམ་ལུགས་རིག་གནས་བཅས་སོ།། དེ་གེ་སར་སྒྲུང་ཞྭའི་ངོས་སུ་བོད་རང་ཉིད་ཀྱི་ལྟ་བ་ལྟར་རིག་གནས་དེ་དག་གི་མཚོན་བྱེད་ཆགས་འདུག། དཔེར་ན་འཇིག་རྟེན་ཆགས་ཚུལ་མཚོན་ན། ཧོར་གླིང་ལས་ཞྭ་འདི་རི་རབ་ལྷུན་པོར་དཔེ།། ངོས་བཞི་གླིང་ཆེན་བཞི་ལ་དཔེ།། ཟུར་བརྒྱད་གླིང་ཕྲན་བརྒྱད་ལ་དཔེ།། རས་བསྐོར་མཐའ་ཡས་རྒྱ་མཚོར་དཔེ།། གཞན་རྟ་རྒྱུག་ལས། ངོས་བཞི་གླིང་ཆེན་བཞི་ལ་མཚོན།། ངོས་རེ་ལ་ཡང་ཟུར་གཉིས་རེ།། ཟུར་བཞི་གླིང་ཕྲན་བརྒྱད་ལ་མཚོན།། ཞེས་ཞྭ་འདིའི་ངོས་སུ་གླིང་བཞི་གླིང་ཕྲན་དང་རི་རབ་རྒྱ་མཚོ་སོགས་ཀྱི་མཚོན་བྱེད་ཡོད་པར་བཤད། སྤྱིར་འགྲོ་བ་མིའི་རིགས་ཀྱི་སྒྱུ་རྩལ་བྱུང་ཁུངས་ཐོག་མར་རང་བྱུང་ཁམས་ཀྱི་དངོས་གནས་གང་རུང་ལ་དད་མོས་ལས་བྱུང་བ་ཡིན་པར་བཤད། སྒྱུ་རྩལ་བྱ་སྤྱོད་དང་འགྲོ་ལུགས་དེ་རང་བྱུང་ཁམས་དང་བྲལ་ཐབས་མེད་པ་ཞིག་རེད། དེ་ནི་རི་རབ་གླིང་བཞི་དང་ལྷ་ཀླུ་གཉན་གསུམ་ནི་སྔ་རབས་ནས་བོད་ཀྱི་འཇིག་རྟེན་ལྟ་བ་དང་མཚན་ཉིད་རིག་པའི་བསམ་བློ་ཞིག་ཡིན་པར། དེ་བཞིན་དུ་སྒྲུང་ཞྭ་ཡི་དབྱིབས་དང་རྒྱན་ཆ་སོགས་འཇིག་རྟེན་མཚོན་བྱེད་ལྟར་བཀོད་པ་ལས། སྒྲུང་ཞྭའི་རྒྱུ་ཆ་ལུག་གི་བལ་དང་། ཕྱིང་བ་འཇོག་པ་དང་བཟོ་བཀོད་སོགས་ལྷ་ཀླུ་གཉན་ཡུལ་ནས་བྱུང་བ། མ་ཚད་གེ་སར་ཁོང་ཡང་ལྷ་ཀླུ་གཉན་གསུམ་གྱི་གདུང་རྒྱུད་ཡིན་པ་དེ་མི་གཅིག་དང་ཞྭ་གཅིག་ནས་མི་རིགས་ཤིག་གི་འཇིག་རྟེན་ལྟ་བ་བརྒྱུད་སྤེལ་ནུས་པ་ཐོན་ཐུབ།

གཞན་ཡང་སྒྲུང་ཞྭའི་ངོས་སུ་བོད་གངས་ཅན་གྱི་ཡུལ་ཐམས་ཅད་འཁོད་ཡོད་པར། ཧོར་གླིང་ལས། ཞྭ་ལ་སྒང་བཞི་ཡོད་པ་དེ། བོད་ཡུལ་སྒང་བཞི་ལྡན་པའི་རྟགས།། ཞྭ་ལ་ལོགས་བཞི་ཡོད་པ་དེ།། ཨ་འཛོམ་བའི་བོད་ཡུལ་མཚོ་བཞི་རེད།། ཞྭ་གཡས་གཡོན་རྣ་འདབ་བརྒྱན་པ་འདི།། བོད་ཀྱི་ཆུ་བཞི་སྒང་དྲུག་རྟགས།། ཞྭ་རྩེ་སྒྲོ་ཡིས་བརྒྱན་པ་འདི།། གངས་ཏི་སི་ཤེལ་གྱི་བསྐོར་བའི་རྟགས།། ཞྭ་ལ་ཟུར་བཞི་བཏོད་པ་འདི།། འབབ་པའི་ཆུ་བོ་བཞི་དང་འདྲ།། ཞྭ་ཟུར་དར་གྱིས་བཏུམ་པ་འདི།། ཡ་རྩེ་གཡའ་མས་བསྐོར་བ་འདྲ།། ཞྭ་འདབ་རས་ཀྱིས་བསྐོར་བ་འདི།།མཚོ་གླིང་ཆབ་ཀྱིས་བསྐོར་བ་འདྲ།། སྟོད་མངའ་རིས་སྐོར་གསུམ་ཆགས་ཚུལ་ཡིན།། ཞྭ་ལ་ལེབ་བཞི་བཏོད་པ་འདི།།ལེབ་གཉིས་གཡས་རི་གཡོན་རི་གཉིས།། བར་དབུས་གཙང་རི་བཞི་ཆགས་ཚུལ་ཡིན།། གཡས་ལ་པདྨ་བཏགས་པ་འདི།། མོན་ཁ་བཀྲ་རྡོ་ཡི་རྣ་ཚར་འདྲ།། གཡོན་ན་པདྨ་བཏགས་པ་འདི།། སོག་པོ་བྱང་གི་རྣ་ཚར་འདྲ།། ཟུར་བཞི་རྣ་གཉིས་བྱས་ལེ་འདི།། སྒང་ཆེན་བཞི་དང་སྒང་ཆུང་གཉིས།། སྨད་མདོ་ཁམས་སྒང་དྲུག་ཆགས་ཚུལ་ཡིན།། གཞན་ཡང་སྒྲུང་ཞྭའི་ངོས་སུ་གླིང་གི་འབྲེལ་ཡོད་ལོ་རྒྱུས་འཁོད་པར། ཧོར་གླིང་ལས། འདི་མུ་ཏིག་བརྒྱད་ཅུས་སྐོར་དགོས་མོ།། གླིང་གྲུབ་ཆེན་བརྒྱད་ཅུས་སྐོར་དགོས་མོ།། འདི་ཁ་དཀར་སུམ་ཅུས་སྐོར་དགོས་མོ།། གླིང་མཁའ་འགྲོ་སུམ་ཅུས་སྐོར་དགོས་མོ།། འདི་ཕུ་ནུ་སུམ་ཅུས་མཐའ་ནས་བསྐོར།། གླིང་དཔའ་ཐུལ་སུམ་ཅུས་བསྐོར་ཡོད་མོ།། དེ་ནས་སྲུང་མའི་མཚོན་བྱ་བསྐོར།། དར་དཀར་པོ་ཡོལ་གཅིག་འཕེན་དགོས་མོ།། ལྷ་དུང་སྐྱོང་དཀར་པོའི་བླ་དར་རེད། དར་སྔོན་པོ་ཡོལ་གཅིག་འཕེལ་དགོས་མོ།། འདི་མ་ཏྲི་སྔོན་མོའི་བླ་དར་རེད།། དར་དམར་པོ་ཡོལ་གཅིག་འཕེལ་དགོས་མོ།། ལྷ་མེ་སྟག་དམར་པོའི་བླ་དར་རེད།། དར་ཁྲ་མོ་ཡོལ་གཅིག་འཕེན་དགོས་མོ།། གླིང་དཔའ་ཐུལ་སུམ་ཅུའི་བླ་དར་རེད།། ཡང་དགྲ་འདུལ་གཉེན་སྐྱོང་ཐད་དུ།། ཞྭ་རྩེ་ཐུར་ལ་གུག་པ་ནི།། གཉོམ་ཆུང་ཐབས་ཀྱིས་སྐྱོང་བའི་རྟགས།། ཞེས་དང་། ཞྭ་མགོར་མཆོད་རྟེན་འཇོག་དགོས་མོ།། ང་འཛོམ་པ་བདུད་ལ་འགྲོ་དགོས་མོ།། ཡ་བདུད་གྲིས་སྐུ་འབུམ་བཟོད་དགོས་མོ།། བདུད་སྡེ་ཆོས་ལ་བཀོད་དགོས་མོ།། ཡང་ཞྭ་མགོར་མདའ་གཞུ་གཟེར་དགོས་མོ།། བདུད་སྡེ་ཆོས་ལ་བཀོད་དགོས་མོ།། ཡང་ཞྭ་མགོར་གྲི་ཞིག་འདོག་དགོས་མོ།། ཧོར་ཤན་པར་གྲི་ཞིག་སྤྲོད་དགོས་མོ།། ཡང་ཞྭ་མགོར་སྒ་ཞིག་ཡོད་དགོས་མོ།། ང་འཛོམ་པ་ཧོར་ལ་འགྲོ་དགོས་མོ།། ཡ་གུར་དཀར་གཉའ་སྒ་སྟོད་དགོས་མོ།། ཡང་ཞྭ་ངོས་རྡོ་རྗེ་འཇོག་དགོས་མོ།། དགྲ་ཁ་རྡོ་རྗེས་གནོན་དགོས་མོ།། ཞེས་སོ།།གཞན་ཡས་སྒྲུང་ཞྭའི་ངོས་སུ་དམ་པའི་ཆོས་ཀྱི་ནང་དོན་གང་མང་འཁོད་ཡོད་པར། ཧོར་གླིང་ལས།ཞྭ་ལ་མ་ཚང་གཅིག་ཀྱང་མེད།། མདུན་ན་སྟོན་པ་གཙོ་འཁོར་ཡིན།། བན་ཆོས་པའི་ལྷ་སྐལ་འདི་ལ་ཚང་།། རྒྱབ་ན་སློབ་དཔོན་གཙོ་འཁོར་ཡིན།། སྡེ་དབུ་ནག་ལྷ་སྐལ་འདི་ལ་ཚང་།། ཟུར་ནས་གཤེན་རབ་གཙོ་འཁོར་ཡིན།། བོན་སྲུང་ལྷ་སྐལ་འདི་ལ་ཚང་།། རྩེ་གསུམ་རིག་གསུམ་མགོན་པོའི་ཚུལ།། སྐུ་གསུམ་སྟོན་པ་འདི་ལ་ཚང་།། སྒང་དྲུག་ཐུབ་པ་རིགས་དྲུག་ཡིན།། འགྲོ་དྲུག་ལྷ་སྐལ་འདི་ལ་ཚང་།། གཡས་བལྟས་སྒྲོལ་མ་དཀར་མོའི་ཚུལ།། ཚེ་ཡི་ལྷ་སྐལ་འདི་ལ་ཚང་།། གཡོན་བལྟས་སྒྲོལ་མ་སྔོན་མོའི་ཚུལ།། སྐྱོབ་པའི་ལྷ་སྐལ་འདི་ལ་ཚང་།། རྒྱན་ཆ་སྣ་ཚོགས་བཏགས་པ་དེ།། སྤྲུལ་སྐུ་དམ་པ་རིགས་བརྒྱའི་ཚུལ།། ཞི་ཁྲོའི་དཀྱིལ་འཁོར་འདི་ལ་ཚང་།། ལེབ་བཞི་རྒྱལ་ཆེན་སྡེ་བཞིའི་ཚུལ།། སྒོ་བཞིའི་སྲུང་མ་འདི་ལ་ཚང་།། ཞེས་དང་། ཡང་རྟ་རྒྱུག་ལས། ཞྭ་ཁོག་སྟོང་པ་ཟང་ཐལ་འདི།།གཞི་ཡི་ངོ་བོ་སྟོང་པའི་བརྡ།། ཞྭ་རྒྱུ་རང་བྱུང་དཀར་བ་འདི།།རང་བཞིན་གསལ་བར་མཚོན་པའི་བརྡ།། བལྟབ་ན་ངོས་གཉིས་འོང་པ་འདི།། ཆོས་ཀུན་བདེན་གཉིས་འོང་བའི་བརྡ།། ཕུད་ན་ལོག་བཞི་འོང་པ་འདི།། དབྱེ་ན་བདེན་བཞི་འོང་པའི་བརྡ།། གདོང་དྲུག་ཞྭ་ལ་ཡོད་པ་དེ།། ཕ་རོལ་ཕྱིན་དྲུག་སྤྱོད་པའི་བརྡ།། ངོས་བཞི་དཀར་གཙང་འཇམ་པ་དེ།། ཚད་མེད་བཞི་དང་ལྡན་པའི་བརྡ།། ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད།། བྱང་ཆུབ་སྤྱོད་ལ་གོམས་པའི་རྟགས།། པད་འདབ་དྲུག་གི་བརྒྱན་པ་ནི།། རིགས་དྲུག་བག་ཆགས་དག་པའི་རྟགས།། ཞྭ་ལ་རྩེ་གསུམ་ཡོད་པ་ནི།། འབྲས་བུ་སྐུ་གསུམ་ཐོབ་པའི་རྟགས།། སྣ་ཚོགས་དར་གྱིས་བརྒྱན་པ་ནི།། ཡེ་ཤེས་ཕྱོགས་མེད་རྒྱས་པའི་རྟགས།། ཞེས་སོ།། སྒྲུང་ཞྭའི་ངོས་སུ་ད་དུང་བཤད་པ་རྒྱ་ཆེན་ཡོད་ན།། འདི་དཔེ་མཚོན་ཙམ་ལས་མ་སྤྲོས་མོད།། རེད་དེ་འདི་ནི་རིག་གནས་སྣ་མང་འདུས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་མི་རྣམས་ཀྱིས་ཤེས་སླའོ།། འདི་ལྟ་བུའི་སྒྱུ་རྩལ་རྣམ་པ་ཁྱད་པར་ཅན་དེ། མེ་ཏོག་ཁེར་སྐྱེས་ཀྱི་དྲི་བསུང་རང་གིས་མྱང་བ་ཙམ་མི་བྱེད་པས། ཐབས་ལམ་གང་ལེགས་སྒོས་མི་རིགས་གཞན་ལ་མཚམས་སྦྱོར་བྱ་རྒྱུ་ནི་གླིང་སྒྲུང་རིག་གནས་ཁྲོད་ཀྱི་དོན་འགངས་ཆེན་གཅིག་རེད་སྙམ་གྱིན་འདུག།

བཞི། སྒྲུང་ཞྭ་ལས་འཕྲོས་པའི་བོད་ཀྱི་མཛེས་དཔྱོད་རིག་པའི་བསམ་བློ།

     དེང་རབས་འབྲེལ་ཡོད་གཞུང་ལུགས་ལྟར་ན། སྒྲུང་ཞྭ་དེ་ཡང་རྟོག་པ་འཆར་ཡན་རིང་ལུགས་དང་། ཕུགས་འདུན་རང་ལུགས། མཚོན་བྱེད་རང་ལུགས་སོགས་ཀྱི་སྒྱུ་རྩལ་བསམ་བློའི་གོ་དོན་ཕུན་སུམ་ཚོགས་པ་ཞིག་མ་འགྲེལ་རང་གསལ་དུ་མངོན་ཐུབ་པའི་སྒྱུ་རྩལ་དངོས་རྫས་ཤིག་ཏུ་གྱུར་པས་མ་ཚད་བོད་ཀྱི་མཛེས་དཔྱོད་ལྟ་བ་ཀུན་གྱི་རང་གཤིས་དོན་སྙིང་མཚོན་ཐུབ། སྤྱིར་འགྲོ་བ་མིའི་རིགས་དང་འཇིག་རྟེན་དངོས་གནས་བར་དུ་མཛེས་དཔྱོད་འབྲེལ་བ་ཆགས་པ་ནས་བཟུང་། དུས་ད་ལྟའི་བར་མཛེས་དཔྱོད་བསམ་བློ་གྱ་ནོམ་པ་བསགས་ཡོད། དེ་བཞིན་དུ་མིའི་རིགས་ཀྱི་མཛེས་དཔྱོད་འདུ་ཤེས་དང་མཛེས་དཔྱོད་བསམ་བློའི་ལོ་རྒྱུས་ཧ་ཅང་རིང་མོད། ཡིན་ན་ཡང་མཛེས་དཔྱོད་རིག་ཚན་ཞིག་ཏུ་གྲུབ་པའི་ལོ་རྒྱུས་བགྲང་བྱ་བརྒྱ་ལྷག་ལས་མེད་པར་བཤད། མཛེས་དཔྱོད་རིག་ཚན་དེས་མི་རྣམས་ཀྱི་མཛེས་ཆོས་གསར་གཏོད་བྱ་བར་མཛུབ་སྟོན་དང་མཛེས་བྱ་ཉམས་སུ་མྱང་བ། མཛེས་ལྡན་སྤྱི་ཚོགས་ཕུགས་འདུན་མངོན་དུ་འགྱུར་བར་ནུས་མཐུ་གལ་ཆེན་འདོན་ཐུབ་པ་ཡང་བཤད་འདུག། དེ་ན་མཛེས་དཔྱོད་རིག་ཚན་དར་བ་ནས་བཟུང་། སྤྱི་གླིང་གི་སྐད་གྲགས་ཅན་གྱི་ཚན་རིག་པ་གང་མང་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་མོད། རེད་དེ་མདོར་བསྡུས་ནས་བཤད་ན། མཛེས་ཆོས་དེ་ངེས་པར་མིའི་རིགས་ཀྱི་སྤྱི་ཚོགས་ལ་བརྟེན་ནས་གནས་པ་ཞིག་ཡིན་རྒྱུ། དེ་ཡང་སྤྱི་ཚོགས་སྣང་ཚུལ་གཅིག་ཀྱང་ཡིན་པ་དང་། སྤྱི་ཚོགས་ལོ་རྒྱུས་གོང་འཕེལ་བྱུང་བ་ནས་ཐོན་པ་གཅིག་ཀྱང་རེད། མཛེས་ནི་འབྱམས་ཀླས་དོན་དངོས་མཛེས་པའི་ཐུན་མོང་ནང་དོན་དང་ངོ་བོ་རང་བཞིན་ཅན་ཡིན་པས། ཕྱི་རོལ་དོན་དངོས་སྣང་ཚུལ་ཁྲོད་མི་ལ་མཛེས་སྣང་སློང་ཐུབ་པའི་རང་བཞིན་ཅན་ཞིག་ལ་གོ་དགོས། དེས་ན་མཛེས་དཔྱོད་ངོ་བོ་ནི་སྤྱི་ཚོགས་ལག་ལེན་ཁྲོད་ནས་བྱུང་བ་དང་། འགྲོ་བ་མིའི་གསར་གཏོད་བྱ་བའི་ཁྲོད་ཀྱི་བློ་གྲོས་དང་ཤེས་རབ་དང་ཐབས་རྩལ། བརྩེ་སེམས་དང་ཕུགས་འདུན་ནས་བྱུང་བ། མཛེས་དཔྱོད་ནང་དོན་དེ་ཚོར་ཐུབ་པའི་རྣམ་པ་མངོན་ཐུབ་པ་ཞིག་ཀྱང་ཡིན་དགོས། ངེས་པར་དུ་ཚོར་ཤེས་སྣང་གཟུགས་ཞིག་དང་དེའི་རྣམ་པར་ཤེས་པ་དེས་མི་ལ་སེམས་འགུལ་ཐེབས་པའི་འགུག་ནུས་ལྡན་པར་གོ་དགོས། མཛེས་པའི་ངོ་བོ་ནི་མཛེས་དཔྱོད་རིག་པའི་ཁྱབ་ཁོངས་ཀྱི་གནད་དོན་མཐའ་དག་འབྲེལ་ཡོད་ལ། རིག་གཞུང་སྣང་མང་ལ་ཡང་འབྲེལ་བ་ཡོད་པར་འདིར་རྔོ་མི་ཐོགས། མདོར་ན་མཛེས་ཀྱི་ངོ་བོའི་གནད་དོན་ལོ་རྒྱུས་འཕེལ་རིམ་ལྟར་ན། གཙོ་བོ་ནང་དོན་དང་རྣམ་པའི་བར་གྱི་འབྲེལ་བ། ཚོར་ཤེས་དང་དཔྱོད་ཤེས་བར་གྱི་འབྲེལ་བའི་གནད་དོ་ཡིན་པར་བཤད། གཞན་ཡང་མཛེས་ཞེས་པ་དེ་གང་ལ་གོ་དགོས། དེ་ལ་ཚད་གཞི་ཡོད་མེད།འཛམ་གླིང་གི་འབྲེལ་ཡོད་མཁས་པ་རྣམས་ཀྱི་ལྟ་བ་མི་འདྲ་རུང་། མདོར་བསྡུས་ནས་བཤད་ན། མཛེས་ཞེས་པར་སྤྱི་ཚོགས་རང་བཞིན་ལྡན་པ། རང་བྱུང་རང་བཞིན་ལྡན་པ། ངེས་གཏན་རང་བཞིན་ལྡན་པ། ལྟོས་བཅས་རང་བཞིན་ལྡན་པ། མཛེས་ཀྱི་རྣམ་གྲངས་ལ། གཙོ་བོ་འཚོ་གནས་མཛེས། སྤྱི་ཚོགས་མཛེས། སེམས་ཉིད་མཛེས། སྐད་ཆ་མཛེས། ཁོར་ཡུག་མཛེས། རང་བྱུང་མཛེས། མི་ལུས་མཛེས། སྒྱུ་རྩལ་མཛེས། རྣམ་པ་མཛེས། སྐྱ་རིས་མཛེས། གཟུགས་བཟོ་མཛེས། རབ་རིབ་མཛེས་སོགས་གང་མང་ལ་སོ་སོར་བཤད་པ་གཏིང་ཟབ་འཁོད་ཡོད་པ་འབྲེལ་ཡོད་མཛེས་རིག་གཞུང་ལས་གསལ།

     དེས་ན་མཛེས་དཔྱོད་དང་མཛེས་རྟོགས་མཛེས་འཛིན་ཞེས་པ་རྒྱ་ཡིག་འགྱུར་ལུགས་རྣམ་གྲངས་ལས་དོན་གཅིག་རེད་སྙམ།མཛེས་བྱའི་ཡུལ་དང་དཔྱོད་པ་བྱེད་པ་པོའམ་བདག་གཞན་གཉིས་ཀྱི་ཁྱད་པར་ཡོད་པ་ཡིན་ན། ཕྱི་རོལ་དུ་གནས་པའི་མཛེས་པའི་ཡུལ་དང་མཛེས་ཡུལ་གྱི་ཚོར་བ་ཉམས་སུ་མྱང་བ་པོ་གཉིས་ཀྱི་བར་སེམས་ཁམས་རྒྱུ་ལུགས་ཀྱི་འབྲེལ་བ་ཆགས་པར་མཛེས་དཔྱོད་དམ་མཛེས་རྟོགས་ཞེས་བརྗོད། དེར་དབྱེ་ན་ཚོར་བ་དང་རིག་པ། བློ་སྐྱེད་དང་བརྩེ་དུང་བསམ་གཞིགས་སོགས་ཀྱི་སེམས་ཁམས་གནས་སྟངས་དེ་ཡང་ཕ་རོལ་པོའམ་མཛེས་ཡུལ་དེས་སྐུལ་བ་ཡིན་པར་བཤད། དེར་མཛེས་ཀྱི་ཚོར་བ་ཡང་ཟེར། ཚོར་བ་ལ་ཡང་ཐུན་མོང་དང་ཐུན་མིན་གྱི་ཚོར་བ་གཉིས་སུ་དབྱེ། མཛེས་དཔྱོད་ལ་དབྱེ་ན་མཛེས་དཔྱོད་འདུ་ཤེས། མཛེས་དཔྱོད་ཚོར་བ། མཛེས་དཔྱོད་ལྟ་བ། མཛེས་དཔྱོད་ཐད་རྟོག། མཛེས་དཔྱོད་ཉམས་མྱོང་། མཛེས་དཔྱོད་བློ་སྐྱེད། མཛེས་དཔྱོད་དབྱེ་གཅོད། མཛེས་དཔྱོད་ཕུགས་འདུན། མཛེས་དཔྱོད་ཚོར་སྣང་། མཛེས་དཔྱོད་རིན་ཐང་། མཛེས་དཔྱོད་དབེན་སྒོམ། མཛེས་དཔྱོད་སྣང་གཟུགས། མཛེས་དཔྱོད་སློབ་གསོ་སོགས་ལ་སོ་སོར་འགྲེལ་བརྗོད་རེ་མཆིས། མི་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང་མཛེས་དཔྱོད་ནུས་པར་གཞི་རྩ་ནས་ཁྱད་པར་འདྲ་མིན་སྣ་ཚོགས་ཡོད་ལ། དེར་གཟུགས་སྣང་ཚོར་ཤེས་ཀྱི་ཁྱད་པར། ཡུལ་ལ་བདམ་གསེས་ཀྱི་ཁྱད་པར། བརྗོད་བྱར་གོ་རྟོགས་ཀྱི་ཁྱད་པར་བཅས་སོ།། མཛེས་དཔྱོད་འདོད་མོས་ལ་ཡང་དུས་རབས་དང་མི་རིགས་ཀྱི་ཁྱད་པར་ཡོད་ལ། མཛེས་དཔྱོད་འདོད་མོས་ཀྱི་མི་རིགས་རང་བཞིན་ནི་མི་རིགས་གང་རུང་གིས་མཉམ་དུ་ལོ་རྒྱུས་འཚོ་བ་རོལ་བའི་མཇུག་འབྲས་ཞིག་ཡིན་ལ། མི་རིགས་གཅིག་གི་འཚོ་བའི་གོམས་སྲོལ་དང་བསམ་བློ་རིག་གནས། གཏམ་རྒྱུད་དང་སེམས་ཁམས་བརྩེ་དུང་སོགས་ཀྱི་ཐད་ལ་གཞན་དང་མི་འདྲ་བའི་ཐུན་མོང་གི་རྒྱུ་གང་མང་ཡོད་མོད། རེད་དེ་མི་རིགས་ཡོད་ཚད་ལ་ཡང་ཐུན་མོང་གི་མཛེས་དཔྱོད་ཚོར་སྣང་ཡང་ཡོད་སྲིད། ཧེ་ཀེར་གྱིས་ཉམས་པ་མེད་པའི་སྒྱུ་རྩལ་བརྩམས་ཆོས་ནི་དུས་རབས་འགྱུར་བར་མ་ལྟོས་པར་མི་རིགས་ཡོངས་ཀྱི་ཉམས་སུ་མྱོང་ཐུབ་པ་དེ་རེད་ཅེས་གསུངས་པ་ལྟར་རོ།། ཡིན་ན་ཡང་མི་རྣམས་ཀྱིས་རང་མོས་དང་རང་མོས་མ་ཡིན་པའི་སྒོ་ནས་ལྟོས་བཅས་གཏན་ཁེལ་བྱས་པའི་ཚད་ཤིང་ཞིག་གིས་མཛེས་དཔྱོད་ཀྱི་ཡུལ་ལ་ཚད་ཐིག་འཇོག་གི་ཡོད་པ་དེར་མཛེས་དཔྱོད་ཚད་གཞིར་འཛིན་པས། མཛེས་དཔྱོད་དུ་ཁྱད་པར་ཆེ་བ་དང་རྙོག་གྲ་ཆེ་བ་ཡང་དེ་ལས་བྱུང་། དེ་ནི་ཕྱི་རོལ་འཇིག་རྟེན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། དོན་དངོས་སྣ་ཚོགས་མཛེས་ཀྱང་མི་རྣམས་ཀྱི་ཚད་ཤིང་ཡང་གཅིག་མཐུན་ཡིན་རུང་། མི་མཐུན་པ་ཡང་གང་མང་ཡོད་སྲིད་དོ།།

གོང་གསལ་མཛེས་དཔྱོད་རིག་གཞུང་རྒྱ་མཚོའི་ཐིགས་འདྲེན་ཙམ་ལྟར་ན། གངས་ཅན་བོད་ལ་ཡང་ལོ་རྒྱུས་ཧ་ཅང་རིང་བའི་མཛེས་རིག་བསམ་བློ་དང་མཛེས་དཔྱོད་འདུ་ཤེས་དང་མཛེས་དཔྱོད་སོགས་གྱ་ནོམ་པ་ཞིག་ཆགས་ཡོད་དེ། དེའི་ཁྲོད་རྣམ་པ་འགའ་རེའི་འཛམ་གླིང་མཛེས་དཔྱོད་རིག་པའི་གཞུང་གི་སྟོང་ཆ་སྐོང་ཐུབ་པར་སྙམ། དཔེར་ན་བོད་བརྒྱུད་ནང་བསྟན་གྱི་སྒོམ་ཉམས་ལེན་དད་པ་དག་སྣང་དང་སྣང་བཞེངས་སོགས་མཛེས་དཔྱོད་ཀྱི་གཞུང་ལྟར་ན་ཐོད་རྒལ་མཛེས་འཛིན་ཞིག་ཡིན་པ་འདྲ། ཐ་ན་མཛེས་པར་འཛིན་མི་སྲིད་པའི་བྱ་དངོས་གང་རུང་མཛེས་འཛིན་ལྟ་བར་བསྒྱུར་ཐུབ་པའི་སེམས་ཁམས་དམིགས་བསལ་བ་ཞིག་རྒྱུ་སྲིད་པ་ཞེས་ཤོད་ཀྱི་འདུག།

     སྐབས་སུ་བབ་པར་གེ་སར་སྒྲུང་ཞྭ་དེར་སྤྱིར་འཛམ་གླིང་མཛེས་དཔྱོད་རིག་པ་དང་སྒོས་སུ་བོད་ཀྱི་མཛེས་དཔྱོད་འདུ་ཤེས་གང་མང་ཆགས་ཡོད། ཐོག་མར་སྒྲུང་ཞྭའི་རྣམ་པ་དང་བརྗོད་བྱར་མཚོན་ན། དེ་ནི་གཅིག་ལས་གཉིས་སུ་མེད་པའི་སྒྱུ་རྩལ་ཁྱད་ཆོས་ལྡན་པའི་རྣམ་པ་དང་། དེ་ནི་མཛེས་དཔྱོད་གསར་གཏོད་བསམ་བློ་མངའ་བ་ཞིག་རེད་ཅེ་ན་ཆོག་ཆོག་རེད་སྙམ། དེས་མི་རྣམས་ཀྱི་ཚོར་ཤེས་དང་གོམས་གཤིས་དོར་བས་མཛེས་དཔྱོད་གསར་བཟོ་ཞིག་ཡིན་པས་མ་ཚད། གནའ་དངོས་རྙིང་པར་མཛེས་སྣང་གསར་པའི་སྤྲོ་བ་བསྐྱེད་ཐུབ་ལ། སྒྲུང་ཞྭའི་ངོས་སུ་མཛེས་དཔྱོད་ཕུགས་འདུན་སྣང་གཟུགས་གྱ་ནོམ་པ་བཞེངས་བསྐྲུན་བྱས་པས་དེ་གང་རེད་ཅེ་ན། གསར་བཞེངས་སྔོན་གྱི་བློ་སྐྱེད་ནི་མཛེས་དཔྱོད་ཕུགས་འདུན་ཕྱི་རུ་བུད་ནས་དངོས་གཟུགས་ཅན་དུ་བསྒྱུར་བའི་སྒྱུ་རྩལ་དངོས་རྫས་ཡིན་ནོ།། རྒྱུ་མཚན་དེའི་དབང་གིས་སྒྲུང་ཞྭ་ནི་དམངས་ཁྲོད་དྲན་འཕྲུལ་རྩལ་ལས་བྱུང་བའི་སྲོལ་རྒྱུན་རིག་དངོས་ཞིག་དང་། མ་ཚད་ཚེ་སྲོག་མེད་པའི་དངོས་པོ་འདིས་མི་རྣམས་ལ་སྣང་གཟུགས་མཛེས་ཉམས་བརྗོད་ལས་འདས་པ་ཞིག་སྟོན་ཀྱིན་འདུག།ཞྭ་དེའི་རྒྱབ་ཏུ་སྦས་པའི་མཛེས་དཔྱོད་དད་མོས་དང་མཛེས་དཔྱོད་ཚོར་བ་རྒྱ་ཆེ་ལ་གཏིང་ཟབ་པས་མི་རྣམས་ཡིད་དབང་རབ་ཏུ་འགུག་ཐུབ་ཅེ་ན་ཡང་ཁ་ཧོབ་ཙམ་མིན་པར་སེམས། དེ་ཡང་གཟུགས་བཞེངས་མཛེས་པ་ལས་འཕྲོས་པས་མཐོང་རྒྱུ་མེད་རུང་ཡིད་ཀྱི་མིག་ལམ་དུ་ཤར་ཐུབ་པའི་མཛེས་དཔྱོད་ཡིད་སྣང་ཞིག་གོ། ཡང་གཅིག་བཤད་ན་སྒྲུང་ཞྭ་དེར་རྩོམ་རིག་གི་སྐད་ཆའི་ཟུར་བརྒྱན་ཏེ་བློ་སྐྱེད་མཛེས་དཔྱོད་སྣང་གཟུགས་ཁྱད་པར་བ་ཞིག་ཆགས་པར་གྱུར། གཞན་ཡང་ནུབ་ཕྱོགས་མཛེས་དཔྱོད་རིག་པ་སྨྲ་བ་རྣམས་ཀྱིས་གནས་འགྱུར་ཡིད་འཕོ་ཞེས་པའི་སྒྱུ་རྩལ་མཛེས་དཔྱོད་ལྟ་བ་དེ་ཡང་སྒྲུང་ཞྭའི་ངོས་སུ་གང་ལེགས་པ་མཚོན་ཡོད་པ་གསལ་པོ་རེད། གནས་འགྱུར་ཡིད་འཕོ་ཞེས་པ་ནི་བདག་ཉིད་འདུ་ཤེས་འགྱུར་བ་བརྒྱུད་དེ་རང་གི་ཁ་གཏད་ཡུལ་དངོས་པོ་དེ་མིའི་མཚན་ཉིད་ལྡན་པའི་རང་བཞིན་དུ་བསྒྱུར་བ་དང་། རང་ཉིད་ཀྱི་སེམས་དེ་གཞན་གྱི་དངོས་པོའི་ཁྲོད་དུ་ཞུགས་པས། དེ་ལས་བྱུང་བའི་བདེ་སྣང་ནི་རྟོགས་ལྡིང་འདུ་ཤེས་ལས་འཕྲོས་པའི་སྤྲོ་བ་དང་དགའ་བ་ཁྱད་པར་བ་ཞིག་གོ། དེ་བཞིན་དུ་མཛེས་དཔྱོད་མྱང་བ་ནི་མཛེས་བྱའི་ཡུལ་གྱི་ཕྱི་ཚུལ་མྱང་བ་ཙམ་མ་ཡིན་པར་དེ་ནི་རང་ལ་མྱང་བ་དང་། རང་གི་རིག་པའི་རིན་ཐང་གི་ཚད་མར་འཛིན་པ་དེ་ཁོ་ན་ཉིད་དོ།། མཛེས་བྱའི་ཡུལ་ནི་རང་གི་དྲན་འཕྲུལ་བར་སྟོང་རྒྱ་བསྐྱེད་པའི་རྒྱུ་རུ་གྱུར། གནས་འགྱུར་ཡིད་འཕོ་མཛེས་དཔྱོད་ནི་དངོས་པོའི་ཕྱི་ཚུལ་ལས་འཕྲོས་པའི་སེམས་ཡིན་ལ། དངོས་པོར་བརྩེ་སེམས་མེད་རུང་། བདག་ཉིད་གནས་སྤོ་བ་ཡིན་པའི་ཕྱིར་རོ།།དེ་ཡིན་ན་བོད་ཀྱི་མཛེས་དཔྱོད་ལྟ་བ་གང་མང་ཞིག་མཛེས་དཔྱོད་རིག་ལམ་དང་ཧ་ཅང་མཐུན། གོང་སྨྲོས་སྡོམ་ཚིག་དེ་ཡང་བོད་ཀྱི་མཛེས་དཔྱོད་འདུ་ཤེས་ནག་འགྲོས་སུ་འཁོད་པ་ལྟར་རོ།། ཁྱད་པར་དུ་སྒྲུང་ཞྭ་ལྟ་བུར་མཚོན་ན། བོད་ཀྱི་གནས་འགྱུར་ཡིད་འཕོ་མཛེས་འཛིན་ཀུན་འདུས་རེད་ཅེས་སྨྲས་ན་ཆོག་ཆོག་རེད་སྙམ། མཛེས་བྱའི་ཡུལ་སྒྲུང་ཞྭ་དང་ཞྭ་བཤད་སོགས་ཀྱི་དཔྱོད་པ་པོའི་དྲན་འཕྲུལ་སྣང་བ་དེ་སྒྲུང་ཞྭ་ཁོ་ན་མ་ཡིན་པའི་ཕྱིར་རོ།། དེ་ནི་མཛེས་ཤིང་ལྟ་ན་སྡུག་པའི་སྣང་བརྙན་སྣ་ཚོགས་ཡིད་དུ་འདྲེན་བྱེད་ཀྱི་རྒྱུ་རུ་གྱུར་ན། མི་རྣམས་ལ་དགའ་སྐྱོ་བརྩེ་དུངས་གང་རུང་གི་སེམས་ཁམས་ཁྱད་པར་བ་ཞིག་བྱུང་བར་མཛེས་དཔྱོད་འདུ་ཤེས་སྣ་ཚོགས་ཀྱི་ཁྱད་ཆོས་མངའ་འོ།། སྤྱིར་མཛེས་དཔྱོད་ནི་ནུས་པ་ཞིག་དང་དཔྱོད་ཤེས་ཞིག་ཡིན་པར་བཤད་མོད། དེ་ཡིན་ན་མི་སོ་སོའི་སྤྱི་ཚོགས་རིག་གནས་དང་འཚོ་བའི་ཁོར་ཡུག་རང་རྒྱུད་ལ་ཤན་ཞུགས་པར་སོ་སོས་གོ་བ་ལེན་ལུགས་དང་། རིག་གནས་འཇོན་ཐང་དང་བག་ཆགས་འཇོག་ལུགས་སོགས་ཀྱིས་དབང་གིས་མཛེས་དཔྱོད་ཡོན་ཚད་དང་ལྟ་བ་ནུས་པ་སོགས་ལ་ཁྱད་པར་ཆེན་པོ་ཡོད་སྲིད་མོད། རེད་དེ་སྒྲུང་ཞྭ་འདི་མི་སུ་ལ་བསྟན་པའམ་བཤད་ན། སོ་སོར་མྱུར་དུ་མཛེས་དཔྱོད་སྣང་བ་གཅིག་མཐུན་པ་རེད་ཆགས་པར་གྱུར། གཞན་ཡང་སྒྲུང་ཞྭ་དེར་མཛེས་དཔྱོད་རིག་པའི་མ་ལག་རྟོགས་པ་འཆར་ཡན་དང་མཛེས་དཔྱོད་བསམ་བློ་འབུར་དུ་ཐོན་པས།ཁྱད་པར་དུ་སྒྲུང་ཞྭའི་རྒྱན་ཆ་སྣ་ཚོགས་དེ་འཆར་རང་ལུགས་ཀྱི་རིག་པའི་རྩལ་གྱིས་མཚོན་བྱ་དང་མཚོན་བྱེད་དབྱེར་མེད་པའི་སྣང་འཆར་དེས་མི་རྣམས་ཀྱི་མཛེས་དཔྱོད་འདོད་མོས་རང་དབང་མེད་པར་འགུག་ནུས་པ་ནི་སྒྲུང་ཞྭའི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། བོད་ཀྱི་མཛེས་དཔྱོད་ལྟ་བ་གང་མང་ཞིག་རིགས་འགྲེའོ།། དེ་ཡིན་ན་མཚོན་བྱེད་རང་བཞིན་ལྡན་པའི་དངོས་རྫས་གང་ཡིན་པ་དེ་རིམ་བཞིན་མི་རྣམས་ཀྱི་མཛེས་དཔྱོད་བྱ་ཡུལ་དུ་གྱུར་པ་དེ་ཡང་མི་རྣམས་ཀྱི་ནམ་རྒྱུན་འཚོ་བ་དང་། སྒྱུ་རྩལ་གསར་གཏོད་བྱེད་སྐབས་དངོས་པོ་བྱེ་བྲག་བ་དང་ཚོར་ཤེས་བྱུང་ཐུབ་པའི་གཟུགས་སྣང་དང་རྟགས་སོགས་གཡར་སྤྱོད་བྱས་ཏེ། བརྩེ་སེམས། སྣང་ཡུལ། སྤྱི་མཚན་གོ་དོན། མཚན་ཉིད་བསམ་བློ་དང་དཔྱོད་ཤེས་བརྒྱུད་སྒྲོག་དང་ཕྱི་རུ་མངོན་སྐབས་བྱུང་བའི་མཛེས་དཔྱོད་རང་བཞིན་ལྡན་པ། མཚོན་བྱ་དང་མཚོན་བྱེད་བར་དུ་རང་བྱུང་འབྲེལ་བ་མེད་ཀྱང་། མིས་བློ་སྐྱེད་ནུས་པར་བསྟུན་ནས། སྔོན་རྗེས་གཉིས་ཀྱི་བར་རང་གི་འགྲེལ་ལུགས་ནས་ཕྱི་རུ་མངོན་པའི་འབྲེལ་བ་ཞིག་ཆགས་པས་མ་ཚད་མཚོན་བྱེད་རང་བཞིན་ལྡན་པའི་སྒྱུ་རྩལ་གསར་གཏོད་བྱས་ནས་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཕན་འབྲས་མངོན་ཐུབ་པ་དང་། མིའི་བློ་སྐྱེད་ནུས་པ་ཞུགས་པ་དང་སྦྲགས་པའི་མཛེས་སྣང་དམིགས་བསལ་བ་ཞིག་མྱང་ཐུབ་པར་བཤད། དེ་ཡིན་ན་འུ་ཚོའི་སྒྲུང་ཞྭ་དེས་མཛེས་དཔྱོད་གསར་བཞེངས་ཀྱི་ཕྱི་ཡི་རྣམ་པ་དང་སྣང་གཟུགས་ཡང་བརྗོད་བྱའི་དོན་མཚོན་བྱེད་རྒྱན་ཆ་སོགས་ཀྱི་ཐད་ནས་མཛེས་ཉམས་དང་མཛེས་སྣང་མཛེས་དཔྱོད་བཅས་བོད་ཀྱི་མཛེས་དཔྱོད་འདུ་ཤེས་དང་མཛེས་དཔྱོད་ལྟ་བའི་དཔེ་མཚོན་ཞིག་ཡིན་པ་གོར་མ་ཆག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:བོད་རིགས་དཔའ་བོའི་རྟོགས་བརྗོད་སྙན་ངག་གི་གསོན་ཤུགས་གཏན་དུ་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།