མི་ཉག་འདྲེ་ནོར་བུ། 2020-03-03
དེ་རིང་ནི་འཛམ་གླིང་ཤར་ནུབ་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་པོ་ཡོད་པའི་ཁྱིམ་ཚང་གཅིག་ལྟར་ཆགས་ཡོད་པས། རང་རེ་གངས་ཅན་པའི་སྡེའང་འཛམ་གླིང་ཁྱིམ་ཚང་གཅིག་ཏུ་ཚུད་ཅིང་དེ་ལས་བྱུང་བའི་ཡག་ཉེས་དང་ཕན་གནོད་ཀྱི་བྱ་བ་གང་ལའང་གཡོལ་ཐབས་མེད་པ་མངོན་གསལ་རེད།
ཉིན་འདི་འགའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གཞིར་བྱས་ན། སའི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་ཀའི་ཚ་དྲོད་འཕར་ནས་ཏུའུ་ཉི་ཤུ་རྩ་གྲངས་ལ་སླེབས་ཡོད་པ་དང་། དེ་ནི་འདས་པའི་ལོ༡༤༡རིང་གི་དྲོད་ཚད་འཕར་བ་ཆེས་མཐོ་ཤོས་དེ་བརྩི་བཞིན་འདུག ཉི་མ་དགུ་ཙམ་གྱི་ནང་ལ་ལྷོ་བྱང་སྣེ་གཉིས་ཀྱི་འཁྱགས་རོམ་ཞུས་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཟེར། དྲོད་ཚད་འདི་འདྲར་འཕར་བའི་རྐྱེན་གྱིས་འཁྱགས་ཀློང་ལ་བརྟེན་ནས་ཡོད་པའི་སེམས་ཅན་ཆེ་ཆུང་གྲངས་མེད་ཀྱི་འཚོ་གནས་ལ་ཚབས་ཆེའི་ཉེན་ཁ་བྱུང་འདུག
ལྷག་པར་ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཆེད་ལས་མི་སྣས་ལྷོ་སྣེ་དང་བྱང་སྣེའི་འཁྱགས་ཀློང་ཞུས་པ་ནས་ལོ་ངོ་ཁྲི་སྟོང་དུ་མར་འཁྱགས་རོམ་ནང་ན་འཁངས་ནས་ཡོད་པའི་ནད་དུག་གམ་ཕྲ་སྲིན་མང་པོ་སའི་གོ་ལའི་གང་སར་ཤོར་ཡོད་པའི་གནས་ཚུལ་དང་། རང་རེ་གངས་ཅན་མཐོ་སྒང་ནས་ཀྱང་ནད་དུག་གམ་ཕྲ་སྲིན་གསར་པ༢༨ཙམ་འཁྱགས་རོམ་དྲོས་པའི་རྐྱེན་ལས་བྱུང་པའི་གནས་ཚུལ་ཐོན་འདུག ཕྲ་སྲིན་འདི་རིགས་གནོད་འཚེ་རང་བཞིན་ཅན་ནམ་ནད་དུག་ཅན་ཡིན་པས་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེའི་གཅན་གཟན་རི་དྭགས། འབའ་འབུ་སྲོགས་ཆགས་ཀྱི་རིགས་མང་པོ་ཞིག་ལ་ནད་ཀྱིས་ཟིན་ནས་ཤི་བཞིན་ཡོད་པ་ལྟར་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་དང་འཚོ་གནས་ལའང་གནོད་འཚེ་ཡོད་པ་ནི་སྨོས་མ་དགོས་པ་ཡིན་པས་བོད་པ་ཚོས་ཀྱང་ཁོར་ཡུག་སྲུང་སྐྱོབ་ལ་ཕྱི་ནང་གསང་གསུམ་ནས་ཤུགས་རྒྱག་དགོས་ལ། གནད་དོན་འདི་རིགས་སྣང་མེད་ཁྱོན་གནས་གཏང་རྒྱུ་མི་འདུག
ལྷག་དོན་ཟླ་བ་འདི་འགར་རྒྱ་ནག་ཝོས་ཧན་གྲོང་ཁྱེར་ནས་གཙོ་བོར་བྱུང་བའི་ཏོག་དབྱིབས་ནད་དུག་གིས་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་དངོས་གཞིས་གསུམ་ལ་གནོད་འཚེ་ཆེན་པོ་ཐེབས་སོང་། རང་རེ་གངས་ཅན་པའི་སྡེ་ལའང་གནོད་འཚེ་དེའི་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་རེད། སྐབས་འདིར་ང་ཚོ་བོད་པ་ཚོས་མཐུ་དང་སྔགས་ཁོ་ན་ལ་ནུས་མཐུ་དང་བྱིན་རླབས་མ་འདྲ་བ་ཡོད་ཅེས་རེ་བ་དང་ཨུ་ཚུགས་བྱེད་རྒྱུའམ། ལོ་ངོ་བརྒྱ་སྟོང་དུ་མར”ང་ཚོའི་ནག་པོ་དགུ་སྦྱོར་གྱིས་ཕན་མྱོང་བ”རེད་ཅེས་རང་སེམས་སྣང་བ་སྐྱིད་བྱེད་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ནས་འདུག་རྒྱུ་ཙམ་མིན་པར། རང་རེའི་སྤྱི་ཚོགས་ཀྱི་མི་རེ་ངོ་རེའི་འཚོ་གནས་དང་ཁོར་ཡུག ཟ་འཐུང་འགྲོ་སྡོད་སོགས་ཀྱི་བྱ་སྤྱོད་ཚང་མ་འཕྲོད་བསྟེན་དང་ཚན་རིག་གི་སྤྱི་འགྲོས་དང་མཐུན་པ་ཞིག་ཏུ་ཕྱོགས་ཐབས་དང་། བདེ་ཐང་དང་འཚོ་སྡོད་ལ་ཕན་པའི་འཛམ་གླིང་རང་བཞིན་གྱི་བསལ་བློ་དང་འདུ་ཤེས་ཡག་པོ་ཞིག་ཀུན་གྱི་སེམས་གཏིང་ནས་སྐྱེ་བར་འབད་པ་བྱེད་དགོས་ཀྱིན་འདུག
དེས་ན་ཐོག་མར་ད་ལྟའི་ཞིང་འབྲོག་མི་སེར་ཚོས་ཁ་ལ་ཉན་ཅིང་ཚིག་ལ་བརྩི་སའི་བླ་མ་སྤྲུལ་སྐུའི་རིགས་དེ་ཚོས་རང་གི་དགོན་པ་དང་གོ་ཐོབ་ཁོ་ན་ཙམ་ལ་དམིགས་ནས་ཆོས་འཆད་ཉན་འབའ་ཞིག་བྱེད་རྒྱུ་མིན་པར་ཞིང་འབྲོག་མང་ཚོགས་ཚོའི་ཉིན་རྒྱུན་འཚོ་བའི་འཕྲོད་བསྟེན་འདུ་ཤེས་གོང་མཐོར་ཡོང་ཐབས་ལ་རྒྱུ་ཚེགས་གཉིས་ཐད་ནས་འཛུགས་སྐྲུན་དང་འབད་བརྩོན་བྱེད་པའི་དུས་ལ་སླེབས་འདུག མི་སྣ་དེ་ཚོས་དུས་དང་མཐུན་པའི་དེང་རབས་ཀྱི་འཕྲོད་བསྟེན་ཤེས་བྱ་འདི་རིགས་ལ་ཆ་རྒྱུས་ཉམས་མྱོང་མེད་ཚེ་གཉིད་བཅག་ཟས་བརྗེད་ཀྱིས་སློབ་སྦྱོང་བྱེད་ལོས་དགོས། འདི་ནི་སྐབས་སུ་བབས་པའི་ཆོས་ཡིན་ལ་གཡོལ་ཐབས་མེད་པའི་ལས་འགན་ཡང་རེད།
དེ་བཞིན་ཞིང་འབྲོག་མང་ཚོགས་དང་ཆེས་ཐག་ཉེ་ན་ཡོད་པའི་བོད་ཀྱི་སྨན་པའམ་བོད་ཀྱི་རྩ་སྨན་ལག་ལེན་བྱེད་མཁན་གྱི་སྨན་ཁང་དེ་ཚོས་གཙོ་བོ་བྱས་ནས་ཤེས་ཡོན་ཅན་གྱི་སྡེ་དང་སློབ་མ་རྣམ་པས་རང་རེའི་ཞིང་འབྲོག་མང་ཚོགས་ཀྱི་ད་ལྟ་དང་མ་འོངས་པའི་ལུས་ཀྱི་བདེ་ཐང་། སེམས་ཀྱི་བདེ་བ། རྒྱུ་ནོར་གཞིས་གསུམ་གྱི་འཕེལ་རྒུད་ཀྱི་ཆེད་དུ། རྗེས་སོར་རང་རེ་བོད་པ་ཚོས་སྔ་དགོང་ཕྱི་དྲོའི་ཐུན་གསུམ་གྱི་ཟས་རིགས་གང་འདྲའི་རིགས་བསྟེན་ན་རང་གི་དོན་ལྔ་སྣོད་དྲུག་ལ་ཕན་པའི་ཚུལ། གོས་གང་འདྲ་གྱོན་ན་རང་གི་ལུས་ཀྱི་དྲོད་གྲང་སོགས་ལ་ཕན་གང་འདྲ་ཐོགས་ཚུལ། ད་ལྟ་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་ལྟར་གྱུར་ཡོད་པའི་ལུས་པོ་སྦྱོང་བརྡར། ཡོ་ག་སྦྱོང་བ། ངལ་གསོ་དང་གཉིད་ཡག་པོ་ཉལ་བ་སོགས་ཀྱིས་རང་གི་ཚེ་བླ་སྲོག་གསུམ་གང་ལ་ཕན་ཐོགས་ཡོད་ཚུལ། ཐ་ན་གཅིན་སྐྱག་གཏོང་རྗེས་ལག་པ་གཙང་མ་བཀྲུ་བ། སྐྲ་སེན་དོ་དམ་ཡག་པོ་བྱེད་པ། ཉིན་རྒྱུན་སྔ་དགོང་གཉིས་ལ་སོ་བཀྲུ་བ་དང་ཁ་ལག་དང་ལུས་པོ་ཡང་ཡང་བཀྲུ་བ་སོགས་ཀྱི་བྱ་སྤྱོད་འདི་རིགས་ནི་ནད་རིགས་སྔོན་འགོག་བྱེད་པའི་ཐབས་མཆོག་དང་། ལུས་ལ་ན་ཚ་དང་ཕྱུག་ལ་གོད་ཁ་མི་ཡོང་ཐབས་ཀྱི་ལག་ལེན་དངོས་ཤིག་ཡིན་པའི་འདུ་ཤེས་སྤེལ་དགོས་ཀྱིན་འདུག དེ་འདྲའི་འདུ་ཤེས་རེ་བོད་ཀྱི་སྤྱི་ཚོགས་ལ་ས་ཁྱབ་རྡོ་ཁྱབ་ཀྱིས་སྤེལ་ཐུབ་སོང་ན་བོད་པའི་སྨན་པ་དང་ཤེས་ཡོན་མི་སྣ་ཚོས་རང་སྡེ་རིགས་ལ་ཁ་མིན་དོན་གྱི་སྲི་ཞུ་ཅུང་ཙམ་སྒྲུབ་ཐུབ་སོང་བ་རེད། འདི་ནི་དུས་རབས་ཀྱིས་འབྲེལ་ཡོད་མི་རེ་ངོ་རེ་ལ་སྤྲད་པའི་འགན་འཁྲི་ཞིག་རེད།
མདོར་ན་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་ད་ལྟ་ཁོར་ཡུག་སྲུང་སྐྱོབ་དང་བདེ་ཐང་འཚོ་བའི་ཤེས་བྱའི་རིགས་ལ་གཙིགས་ཆེན་དང་སློབ་སྦྱོང་བྱེད་ཀྱིན་ཡོད་པར་མིག་དཔེ་ལྟ་བཞིན། ང་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་དང་ནུས་པ་གཅིག་སྒྲིལ་གྱིས་རང་རེ་ཞིང་འབྲོག་མང་ཚོགས་ཚོས་ཟས་ཐུན་རེ་དང་སྨན་ཐུན་རེ་བྱེད་པའི་ངན་པ་རྒྱུན་འབྱམས་སུ་སོང་བའི་སྤྱོད་པ། ཡང་ན་ནད་ཀྱི་གཉེན་པོ་ནི་སྨན་དང་། ལྷ་གསོལ་ཀླུ་མཆོད། སྔགས་ཆུ་དང་རིལ་བུ་ཁོ་ན་ཡིན་བསམ་པའི་ནར་མ་སོན་པའམ། མ་ཤེས་རྨོངས་པའི་དབང་དུ་སོང་བའི་བྱ་བ་སྤྱོད་པ། ལྟ་བ་རྙིང་པ་འདུ་ཤེས་འཆལ་བོ་འདི་རིགས་མེད་པ་བྱས་ཏེ་སྔོན་ཐོན་ནམ་གསར་དར་གྱི་ཤེས་བྱ་དང་འདུ་ཤེས་དག་ཁ་སྐོང་བྱེད་དགོས་ཀྱིན་འདུག་ཅེས་ཞུ་རྒྱུ་དེ་ཡིན།
འདི་ནི་ང་ཚོ་ས་སྒང་འདི་ནས་འཚོ་ཐུབ་པར་མེད་དུ་མི་རུང་བའི་ཆེས་རྩ་བའི་ལག་ཆ་དང་འགན་འཁྲི་ཡིན་ལ། དུས་རབས་གསར་པའི་མི་གྲལ་ལ་ཚུད་པར་མེད་དུ་མི་རུང་བའི་ཆ་རྐྱེན་དང་འདུ་ཤེས་ཞིག་ཀྱང་རེད་བསམ་ཀྱིན་ཡོད།
༢༠༢༠ལོའི་ཟླ༣པའི་ཚེས༢ཉིན་ཁྲེན་ཏུའུ་ནས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10