ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས།

ཐུབ་ཀྱིས་བསྒྱུར།        2021-09-30

   ཆུ་ཚོད72རིང་ལ་ཚོད་ལྟ་འཁོར་སྐྱོད་བྱས་རྗེས། སྤྱི་ཟླ9པའི་ཚེས29ཉིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོངས་སུ་ཡོད་པའི་འཛམ་གླིང་རིམ་པའི་ཨར་ལས་ཆུ་རགས་མཐོ་ཤོས་དང་། རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་བའི་སྟོང་ཝ་ས་ཡ་རིམ་པའི་ཆུ་གློག་ས་ཚུགས་ཏེ། ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས་པ་རེད།

ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས།

    ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ཀྱི་མཆན་བཀོད་མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར664.57ཡིན་ཞིང་། གློག་ཤོང་ཚད་བསྡོམས་འབོར་སྟོང་ཝ་ཁྲི300ཡིན། གློག་ཚུགས་ཀྱི་ཆུ་གསོག་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར108ལ་ཟིན་ཡོད་ཅིང་། མཐོ་ཚད་སྨི295ཡོད་པའི་འཛམ་གླིང་རིམ་པའི་ཨར་ལས་ཆུ་རགས་བསྐྲུན་ཡོད་པ་དང་། རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་བའི་སྟོང་ཝ་ས་ཡ་རིམ་པར་བསླེབས་པའི་ཆུ་གློག་ས་ཚུགས་ཡིན་ཞིང་། ལྷོ་ནུབ་ཆུ་གློག་རྟེན་གཞི་ཆེན་པོ་དྲུག་ལས་གློག་ཐོག་མར་འདོན་པའི་སྣེ་ཁྲིད་ཆུ་གློག་ས་ཚུགས་ཡིན་ལ། སི་ཁྲོན་ཞིང་ཆེན་ནང་གི་ཆུ་གསོག་ཚད་ཆེས་ཆེ་བའི་ཆུ་མཛོད་གློག་ཚུགས་ཀྱང་ཡིན་པ་རེད།

   ཆུ་གློག་ས་ཚུགས་དེ2014ལོའི་ཟླ་བ10པའི་ཚེས10ཉིན་ལ་ལས་མགོ་བཙུགས་པ་དང་། 2015ལོའི་ཟླ་བ11པར་ཉག་ཆུའི་རྒྱུན་བཅད་དེ་ཆུ་རགས་བསྐྲུན་ཡོད། 2020ལོའི་ཟླ་བ12པར་ནས་བཟུང་སྨད་རགས་སུ་ཆུ་བསགས་ཡོད། 2023ལོའི་ཨར་ལས་ཡོངས་སུ་འགྲུབ་པའི་འཆར་གཞི་ཡོད་པ་རེད།

   ཆུ་གློག་ས་ཚུགས་དེའི་ཨར་ལས་ཆུ་རགས་མཐོ་ཚད་སྨི295ཡོད་ཅིང་བསྐྲུན་ཟིན་ནས་གློག་གཏོང་བའི་འཛམ་གླིང་གི་ཨར་ལས་ཆུ་རགས་གཉིས་པ་ཡིན་ཞིང་། རྒྱལ་ནང་དུ་ཨར་ལས་ལས་རིམ་ཧྲིལ་པོར་རིག་ནུས་ཅན་གྱི་ལག་རྩལ་སྤྱད་དེ་བསྐྲུན་པའི་ཨར་ལས་ཆུ་རགས་མཐོ་ཤོས་ཡིན་ལ། མཐོ་གྲང་ས་ཁུལ་དུ་ཨར་ལས་ཆུ་རགས་མཐོ་ཤོས་མེད་པའི་འཛུགས་སྐྲུན་གྱི་སྟོང་ཆ་བསྐངས་ཡོད། གློག་ཚུགས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་དུ་འཛམ་གླིང་ཟིན་ཐོ9བཏོད་ཡོད་ཅིང། གནད་འགག་རང་བཞིན་གྱི་དམིགས་ཚད་དུ་མ་རྒྱལ་ཕྱི་ནང་གི་རིགས་འདྲའི་ལས་གཞིའི་སྔོན་གྲས་སུ་ཚུད་ཡོད་ལ། རང་རྒྱལ་གྱི་མཐོ་གྲང་ས་ཁུལ་དུ་ཆུ་གློག་ཐོན་འབྱེད་འཕེལ་རྒྱས་ཕྱིན་པའི་ཨར་ལས་མཚོན་རྟགས་རང་བཞིན་ཅན་ཤིག་ཡིན་ཞིང་། འཛམ་གླིང་ཆུ་གློག་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད་པ་རེད།

    ཆུ་གློག་ས་ཚུགས་དེའི་ཐོན་སྐྱེད་བྱེད་མགོ་བཙུགས་རྗེས་ཉག་ཆུ་འབབ་རྒྱུད་ཀྱི་སྤྱིའི་ཐོན་འབྱེད་རིན་ཐང་ཆེ་རུ་མངོན་གསལ་འབྱུང་ཐུབ་ཅིང་། རླུང་ནུས་དང་ཉི་ནུས་ཐོན་འབྱེད་དང་གློག་ཤུགས་ལྷག་མ་ཕྱིར་གཏོང་བེད་སྤྱོད་ཀྱི་དཀའ་གནད་སེལ་ཐུབ། ལོ་རེའི་གློག་འདོན་ཚད་དེ་ཡིས་རྡོ་སོལ་ཏུན་ཁྲི1330ཡི་ཚབ་བྱས་ཐུབ་ཅིང་། དབྱང་གཉིས་སོལ་འགྱུར་གཏོང་འབུད་ཏུན་ཁྲི2130དང་དབྱང་གཉིས་མུ་ཟི་འགྱུར་ཏུན་ཁྲི20ཇེ་ཉུང་དུ་གཏོང་ཐུབ་པ་རེད། འབྲི་ཆུའི་དཔལ་འབྱོར་དར་ཁུལ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ར་བ་བསྐྲུན་པར་ནུས་ཁུངས་ཀྱི་འགན་སྲུང་བྱ་ཐུབ་པ་དང་། རང་རྒྱལ་གྱི་དབྱང་གཉིས་སོལ་འགྱུར་གཏོང་འབུད་ཚད་ལ་འབྱོར་བ་དང་གཏོང་འབུད་ཀྱི་རྒྱུད་ཆད་པ་ཡོང་བར་བྱས་རྗེས་གཞག་ཐུབ་པ་རེད།

ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས།

   ཆུ་གློག་ས་ཚུགས་དེའི་ཆུ་མཛོད་ཀྱི་ཤོང་ཚད་བསྡོམས་འབོར་སྨི་ལྷམ་པ་གྲུ་བཞི་དུང་ཕྱུར108ཡིན་ཞིང་། བཀོད་གཏོང་ཆུ་མཛོད་ཀྱི་ཤོང་ཚད་སྨི་ལྷམ་པ་གྲུ་བཞི་དུང་ཕྱུར65.6ཡིན་ལ། སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་ལོ་མང་བཀོད་གཏོང་ཆུ་མཛོད་ཆེས་ཆེ་བ་དེ་ཡིན། དེས་སྨད་རྒྱུད་ཀྱི་བྱེ་འདམ་འདུས་ཚད་ཇེ་ཉུང་དུ་གཏོང་ཐུབ་ལ། ཆུ་མཛོད་གནས་ཡུལ་གྱི་གནམ་གཤིས་ལ་ལེགས་བཅོས་མངོན་གསལ་བྱེད་ཐུབ། ས་གནས་དེ་གའི་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཐུབ་ཅིང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ས་ཆུའི་ཐོན་ཁུངས་སྲུང་འཛིན་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཕན་ཐོགས་ཤིང་། འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་པ་རེད།

ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས།

   2022ལོར་ཆུ་གློག་ས་ཚུགས་དེའི་འཕྲུལ་འཁོར་ཚན་པ་ཡོད་ཚད་ཀྱིས་ཐོན་སྐྱེད་བྱེད་མགོ་བཙུགས་ནས་གློག་འདོན་ཐུབ་རེ་ཡོད། 


  • ལེ་ཚན་སྔོན་མ།:ཁྲོ་ལའི་ཕུག་ལམ་བཟོ་སྐྲུན་ལ་བྱ་དགའ་ཆེན་པོ་ཞིག་ཐོབ་འདུག།
  • ལེ་ཚན་རྗེས་མ།:དར་མདོ་ལུང་པར་གཅིག་མཐུན་འདུས་གྲུབ་ཀྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།