ལུག་གྲོད་ཤ་མོ་ཚོང་རའི་ཐོག་ཚོང་ཁ་རྒྱུག།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-04-27

མིག་སྔར་ནི་ལུག་གྲོད་ཤ་མོ་བསྡུ་བའི་དུས་ཚིགས་ལ་ཏག་ཏག་འཁེལ་ཞིང་། དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་མོ་ཡུས་གྲོང་སྡེའི་དབྱང་ཞའོ་ཧུའེ་ཡིས་འདེབས་འཛུགས་བྱས་པའི་ལུག་གྲོད་ཤ་མོ་ཐོན་ལེགས་བྱུང་ཡོད། དཔྱིད་དུས་སུ་དྲོད་ཁང་ནང་གི་ལུག་གྲོད་ཤ་མོས“བསིལ་གདུགས་ཆུང་ངུ”ཕུབ་པ་ནང་བཞིན་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་ཡོང་བར་བསྐུལ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཐོན་ལས་ཤིག་ཏུ་གྱུར།

དབྱང་ཞའོ་ཧུའེ་ཡི་ལུག་གྲོད་ཤ་མོའི་འདེབས་འཛུགས་དྲོད་ཁང་ནང་ལུག་གྲོད་ཤ་མོ་རེ་རེ་བཞིན་གཤིན་སའི་ཐོག་ཏུ་སྐྱེས་ཤིང་། ཆེ་བ་དག་ལག་མཐིལ་དང་འདྲ་བར་ཆུང་བ་རྣམས་ཀྱིས་དམ་པོར་བསྐོར་ནས་གྲལ་སྟར་འགྲིག་པོ་བསྒྲིགས་ཡོད། དབྱང་ཞའོ་ཧུའེ་ཡིས་ངོ་སྤྲོད་བྱས་པར་ལྟར་ན། ལུག་གྲོད་ཤ་མོའི་འདེབས་ཡུན་ཐུང་བ་དང་ཕན་འབྲས་མཐོ་བས་ཐེངས་ཁ་ཤས་བསྡུས་ཚར་བ་རེད། བསྡུས་ཚར་རྗེས་ཀྱི་ལུག་གྲོད་ཤ་མོ་དུས་ཐོག་ཏུ་སྒྲོམ་ནང་དུ་འཇུག་པ་དང་ཉི་མར་སྐམ་པ། ཐུམ་རྒྱག་བཅས་བྱས་རྗེས་ཕྱིར་འཚོང་བྱེད་ཀྱི་ཡོད། ཉི་མར་སྐམ་རྗེས་ཀྱི་ལུག་གྲོད་ཤ་མོ་ཉར་ཚགས་བྱེད་ཡུན་རིང་བ་དང་བྲོ་བ་སྔར་ལས་ཞིམ་པས་རིན་གོང་རྒྱ་མ་རེར་སྒོར350ནས་སྒོར500བར་ཟིན་གྱི་ཡོད་པས་ཡོང་འབབ་ཧ་ཅང་མཐོ་བ་རེད།

དབྱང་ཞའོ་ཧུའེ་ཡིས་དགའ་སྤྲོའི་ངང་ནས“ཚང་མས་ལུག་གྲོད་ཤ་མོ་བཏབ་ནས་སྒོར་མོ་རག་པ་མཐོང་བས་ང་རང་གིས་ཀྱང་ས་ཞིང་བཅུ་ཆ་བདུན་འདེབས་འཛུགས་བྱས་པ་ཡིན། ད་སྔར་ས་ཞིང་ནང་དུ་ལུག་གྲོད་ཤ་མོ་རྒྱ་མ40བསྡུས་ཟིན་པ་དང་། ས་ཞིང་ཚང་མའི་ནང་བསྡུས་ན་རྒྱ་མ་ལྔ་བཅུ་ལྷག་ཡོད་པས་ཡོང་འབབ་སྒོར་ཁྲི་གཉིས་ཡོད་ཐག་ཆོད་རེད། སང་ལོར་ལུག་གྲོད་ཤ་མོའི་འདེབས་ཁྱོན་ཇེ་ཆེར་བཏང་ནས་མུའུ་བདུན་བརྒྱད་ཙམ་འདེབས་རྒྱུ་ཡིན། ད་ལོ་ང་རང་ཡུལ་ཤོག་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ལུག་གྲོད་ཤ་མོའི་འདེབས་འཛུགས་གསོ་སྦྱོང་ནང་ཐེངས་གསུམ་ཞུགས་པས་ལུག་གྲོད་ཤ་མོ་བཏབ་རྗེས་ངའི་འཚོ་བ་ཇེ་ཡག་དང་ཡོང་འབབ་ཇེ་མང་དུ་འགྲོ་བར་ཡིད་ཆེས་ཡོད”ཅེས་བཤད།

མིག་སྔར་འཁོབ་ཡུལ་ཡུལ་ཤོག་མོ་ཡུས་གྲོང་སྡེའི་དུད་ཚང16གི་གྲོང་མི་ཚོས་ལུག་གྲོད་ཤ་མོ་མུའུ50ལྷག་ཙམ་བཏབ་ནས་རྒྱ་མ300འཐུས་ཟིན་པ་རེད། མོ་ཡུས་གྲོང་སྡེ་དང་འདྲ་བར་འཁོབ་ཡུལ་ཡུལ་ཤོག་ཏུ་ད་དུང་གྲོང་སྡེ9ཡི་དུད་ཚང120ལྷག་ཙམ་གྱི་གྲོང་མི་ཚོས་ཀྱང་ལུག་གྲོད་ཤ་མོ་འཐུ་བར་བྲེལ་བཞིན་ཡོད་པས་དཔྱིད་དུས་ཀྱི་ཡོང་འབབ་ཐོག་མ་རག།

འཁོབ་ཡུལ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ལིའུ་ཡིས “འཁོབ་ཡུལ་ཡུལ་ཤོག་གིས་གཙོ་བོ་ལུག་གྲོད་ཤ་མོ་དང་གཡེར་མའི་འདེབས་འཛུགས་ཀྱི་ཐོན་ལས་གཉེར་བཞིན་ཡོད། ད་ལོ་མི་སེར་མང་པོ་ཞིག་གི་ས་ཞིང་ཉལ་གསོ་རྣམ་པའི་འོག་ཏུ་ང་ཚོའི་འདེབས་འཛུགས་རྒྱ་ཁྱོན་མུའུ356ལ་ཟིན་ཡོད། ད་ཆ་མི་སེར་ཚོས་རྒྱ་མ500ལྷག་ཙམ་འཐུས་ཟིན་པ་རེད། གལ་སྲིད་ཚང་མ་འཐུས་ཚར་ཚེ་ཚོད་རྩིས་བྱས་ན་ཐོན་ཚད་རྒྱ་མ4870ལ་ཟིན་པ་དང་ཡུལ་ཤོག་ཡོངས་ཀྱི་ལུག་གྲོད་ཤ་མོའི་ཐོན་རྫས་རིན་ཐང་སྒོར་ཁྲི194ཙམ་ལ་ཟིན་རྒྱུ་རེད”ཅེས་བཤད།

ལུག་གྲོད་ཤ་མོ་ནི་ཟས་སྨན་གཉིས་སུ་སྤྱོད་གོ་ཆོད་པའི་ཤ་མོའི་རིགས་ཤིག་ཡིན་ཞིང་། “ཤ་མོའི་རྒྱལ་པོ”ཞེས་པའི་མཚན་སྙན་ཡོད། ཤ་མོ་ཡི་ཕྱི་ངོས་མི་སྙོམས་པ་དང་ཕྱི་དབྱིབས་ལུག་གྲོད་དང་འདྲ་བས་འདོད་རྒྱལ་གྱི་མིང་དེ་ལྟར་བཏགས། ལུག་གྲོད་ཤ་མོ་ཁ་ལ་ཞིམ་ཞིང་ཁོག་བདེ་བ་དང་འཚོ་བཅུད་ཀྱི་རིན་ཐང་དང་སྨན་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ཆེ་བས་མགྲོན་པོ་ཚོས་དགའ་བསུ་ཆེན་པོ་ཐོབ་པ་དང་ཚོང་རའི་མདུན་ལམ་རྒྱ་ཆེར་ལྡན། དར་མདོའི་རང་བྱུང་དང་ས་ཁམས།ས་བབ་བཅས་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་པས་ཤ་མོའི་རིགས་སྐྱེས་བར་ཧ་ཅང་འཚམ།

ད་ཆ་ལུག་གྲོད་ཤ་མོས་གཙོ་བོ་བྱས་པའི་བཟའ་བྱའི་ཤ་མོ་ཐོན་ལས་ཤིག་ཆགས་ཅིང་། དེར་ཀྲུང་གོ་མཐོ་སྒང་གི་ལུག་གྲོད་ཤ་མོའི་ཆོལ་ཁ་ཞེས་བརྗོད། འཁོབ་ཡུལ་ཡུལ་ཤོག་ནི་ལུག་གྲོད་ཤ་མོ་ཐོན་སྐྱེད་བྱེད་པའི་ཡུལ་ཤོག་ཆེ་ཤོས་དེ་རེད། ཁྱད་ཆོས་ལེགས་ཆའི་ཐོན་ལས་འདི་གཟེངས་སུ་ཐོན་ཆེད། ཐོན་ལས་འཕེལ་རྒྱས་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་ཐབས་ལམ་ཞིག་ཏུ་བརྩིས་ནས་གྲོང་མིར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།

འཁོབ་ཡུལ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ལིའུ་རུའུ་ཡིས “ལུག་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད། ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་ཟམ་བཙུགས་ནས་ཡུལ་ཤོག་ཡོངས་ཀྱི་ལུག་གྲོད་ཤ་མོ་འདེབས་འཛུགས་དུད་ཚང་སྒྲིག་འཛུགས་བྱས་ཏེ་ལག་རྩལ་གསོ་སྦྱོང་བྱས་ནས་འདེབས་འཛུགས་ལག་རྩལ་དེ་བས་བྱང་ཆུབ་པར་སྦྱངས། ལུག་གྲོད་ཤ་མོ་བརྒྱུད་ནས་མི་སེར་གྱི་ཡོང་འབབ་འཕར་སྣོན་བྱུང་བ་དང་མི་སེར་གྱི་འཚོ་བ་སྔར་ལས་ལེགས་པ་བྱུང་ཡོད”ཅེས་བཤད།

ཁྱད་ཆོས་ཐོན་ལས་ཆུང་ངུ་དེ་ཐོན་ལས་ཆེན་པོར་གྱུར། ལུག་གྲོད་ཤ་མོ་ཆུང་ངུ་དེས་འཁོབ་ཡུལ་ཡུལ་ཤོག་གི་ཡུལ་སྡེ་དར་རྒྱས་གཏོང་བའི་རེ་བ་ཆེ་བའི་ཐོན་ལས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:གངས་ལྗོངས་མཐོ་སྒང་དུ་བདེ་སྐྱིད་ཀྱི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།