རང་ཁུལ་གྱིས་སྲིད་གཙང་སྤྱོད་གཙང་སྐོར་གྱི་སློབ་གསོ་བྱེད་སྒོ་སྤེལ།

ཨོ་རྒྱན་གྱིས་བསྒྱུར།        2022-07-26

     སྤྱི་ཟླ7པའི་ཚེས21ཉིན་དཀར་མཛེས་ཁུལ་གྱིས་ཁུལ་རིམ་པའི་སྡེ་ཚན་གྱི་འགན་འཁུར་བ་གཅིག་སྡུད་ཐོག་ཉེན་སྟོན་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཅིན་ཝུའུ་ཡིས་ཁུལ་རིམ་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་ལས་གནས་གསར་དུ་འཕར་བའི་རྫོང་རིམ་པའི་ལས་བྱེད་པར་གཅིག་སྡུད་ཐོག་སྲིད་གཙང་གླེང་མོལ་བྱས་པ་རེད།

     ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡིས་གཙོ་གཉེར་བྱས་པ་དང་ཁུལ་སྒྲིག་ཨུས་སྒྲུབ་འགན་འཁུར་བ་ཞིག་རེད། དེ་དང་ཆབས་ཅིག་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གཅིག་སྡུད་ཉེན་སྟོན་སློབ་གསོའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།

     བྱེད་སྒོ་ཐོག་ཏུ་རང་ཁུལ་གྱི་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཉེན་སྟོན་སློབ་གསོའི་པར་གཞི་སྟེ《ཁ་ཕྱོགས་ནོར་བ》དང《ནད་འགྱུར་གྱི་བྱམས་བརྩེ》གཉིས་ལ་བལྟས། ཚོགས་འདུར་ཞུགས་མཁན་ཚོར“གཅིག་ལྔའི”སྤྱོད་གཙང་གི་ལག་རྟགས་སྤྲད་པ(སྤྱོད་གཙང་དར་སྤེལ་གཏོང་བའི་ཡི་གེ་གཅིག་དང་། སྤྱོད་གཙང་གི་རིག་གནས་དྲིལ་བསྒྲགས་ལག་དེབ་གཅིག།《འགྱོད་བཤགས་ཀྱི་དངོས་བྲིས》གཅིག། ཉེན་སྟོན་སློབ་གསོའི་པར་གཞི་གཉིས།)ཚོགས་ཞུགས་འཐུས་མི2ཀྱིས་སྲིད་དོན་གཙང་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རེ་རེས་སྲིད་དོན་གཙང་སྐྱོང་གི་མིང་རྟགས་འགོད་སའི་གྱང་ངོས་སུ་སྲིད་དོན་གཙང་སྐྱོང་བྱ་རྒྱུའི་ཁས་ལེན་གྱི་མིང་རྟགས་བཀོད་པ་དང་། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྲིད་དོན་གཙང་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

     བྱེད་སྒོ་སྤེལ་ཡུལ་དུ་དཀར་མཛེས་ཁུལ་གྱི“གངས་ལྗོངས་རླུང་བསིལ་དང་སྤྱོད་གཙང་མཉམ་སྐྱོད”ཀྱི་བསྡུ་རུབ་བྱེད་སྒོ་སྤེལ། སྤྱོད་གཙང་དཀར་མཛེས་འཕྲིན་སྟེགས་དང་འཁྱུགས་དབྱིངས་སྤྱི་སྟེགས་སོགས་དྲ་བའི་ལས་སྟེགས་བརྒྱུད་ཁུལ་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་མི་སྒེར་གྱི་སྤྱོད་གཙང་སྲིད་ཞུགས་ཀྱི་བསྲུང་བྱའི་གདམས་ངག་འཚོལ་བསྡུ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཕྱོགས་ནས་སྤྱོད་གཙང་རིག་གནས་བརྩམས་ཆོས་བསྡུ་རུབ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་རིན་ཐང་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱས་ནས། སྤྱོད་གཙང་དར་སྤེལ་དང་རུལ་སུངས་དང་ལེན་མི་བྱེད་པ་དང་ཀུན་སྤྱོད་ལ་སྣང་ཆེན་དང་སྤྱོད་གཙང་ལ་སྣང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གཏོད་རྒྱུ་རེད།

     དུས་མཚུངས་སུ་དཀར་མཛེས་ཁུལ་དུ་གཅིག་བསྡུས་ཉེན་སྟོན་སློབ་གསོའི་བྱེད་སྒོ་སྤེལ་བའི་ལས་ཀའི་སྐོར་གྱི་ཁུལ་ཨུའི་བླང་བྱ་ལྟར། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ཕུད་ཟླ་བ་གཉིས་ཀྱི་དུས་ཚོད་ནང་ཁུལ་རིམ་པའི་སྡེ་ཚན་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་སུ་དབྱེ་ནས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་གཅིག་སྡུད་ཐོག་ཉེན་སྟོན་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཉེན་སྟོན་གྱི་ཟིལ་གནོན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རྨོངས་གཉིད་ལས་སད་པ་དང་། མཐའ་ཚད་གསལ་དུ་བཏང་སྟེ་སྤྱོད་གཙང་སྲིད་ཞུགས་དང་། སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་རང་གཅུན་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏང་རྒྱུ་རེད།

     “དེ་རིང་གི་བྱེད་སྒོར་ཞུགས་པ་བརྒྱུད་ང་ལ་བསམ་བློའི་ཐོག་སླར་ཡང་སེམས་འགུལ་ཆེན་པོ་ཐེབས་པ་དང་གཏིང་ཟབ་པའི་སློབ་གསོ་ཐེབས་བྱུང་། སླད་ཕྱིན་ངས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་མ་དངུལ་རྣམ་གྲངས་ལ་དམིགས་ཏེ་ཚད་གཞི་སྔར་བས་ནན་པོ་བཟོ་བ་དང་། གོ་རིམ་ལག་བསྟར་ནན་པོ་བྱེད་པ། འགོ་ནས་མཇུག་བར་གཟབ་ནན་བཅས་བྱས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱ་དགོས”ཞེས་ཁུལ་ཡུལ་སྡེ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལི་ཏེ་ཆང་གིས་བཤད་པ་རེད། 

     “ད་ཐེངས་ཀྱི་ཉེན་སྟོན་སློབ་གསོའི་བྱེད་སྒོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། ཉེ་འཁོར་དུ་ཐོན་པའི་གསོན་ཉམས་དོད་པའི་གྱོད་དཔེ་རེ་རེ་ལ་ལྟ་བཞིན་ང་ཚོར་སེམས་འགུལ་ཧ་ཅང་ཟབ་མོ་ཐེབས་པར་མ་ཟད། ང་ཚོ་ལ་ཡང་ཉེན་བརྡ་བཏང་བྱུང”ཞེས་བྱེད་སྒོར་ཞུགས་མཁན་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

      ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་ཀོན་ཧོ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནན་ཧུང་བྱེད་སྒོར་ཞུགས་པ་རེད། ཁུལ་རིམ་པའི་ལས་ཁུངས(ཚན་པ)ཀྱི་འགན་འཁུར་བ་གཙོ་བོ་དང་། ཞིང་ཆེན་དང་ཁུལ་ཏང་གི་འཐུས་མི། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་སྐོར་ཞིབ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཆེད་བསྐོས་ལྟ་ཞིབ་པའི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་ཞིང་ལས་ལག་རྩལ་གསོ་སྦྱོང་སྤེལ་སྟངས་མང་ཚོགས་ཀྱི་དོན་དངོས་དང་འཕྲོད།
  • ལེ་ཚན་རྗེས་མ།:ཁ་སང་སི་ཁྲོན་གྱི་མི18ལ་ཏོག་གསར་གློ་ཚད་ཕོག་འདུག།
  • དོ་སྣང་ཆེ་བའི་རྩོམ།