དར་མདོར་ཆེད་མཁས་པའི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འདི་འདྲ་ཞིག་འཚོགས།

དོན་འགྲུབ་འཕྲིན་ལས།        2022-12-17

   སྤྱི་ཟླ12པའི་ཚེས16ཉིན། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི2023ལོའི་དར་མདོར་ཡོད་པའི་བོད་རིག་པའི་ཆེད་མཁས་པའི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་དར་མདོར་འཚོགས་པ་རེད།  ཁྱབ་ཁོངས་ཁག་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པ50ལྷག་དང་། བོད་རིག་པ་ཞིབ་འཇུག་ཁང་གི་ལས་བྱེད་པ10ལྷག་ཚོགས་འདུར་ཞུགས་ཡོད།

   ཇ་སྟོན་ཚོགས་འདུར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེ་ལགས་ཀྱིས་སྤྲོ་སེམས་འཕེལ་བའི་ངང་དཔྱིད་གསར་བསུ་བའི་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་འབྲེལ། དུས་ཡུན་རིང་པོར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག་གོང་འཕེལ་ཡོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཆེད་མཁས་པ་དང་རིག་གནས་པ་ཚོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་རེད། འཇིགས་མེད་རྡོ་རྗེས་འདས་རན་ཡོད་པའི2022ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཡང་དག་པ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁྲིད་སྟོན་འོག། དཀར་མཛེས་ཁུལ་གྱི་ས་མིང་འགྲེལ་བཤད་དང་། བོད་ཡིག་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར། དགོན་སྡེའི་གསར་བརྗེའི་རིག་གནས་ཀྱི་ཡིག་ཚགས་ཡིག་ཆ་སྡུད་ལེན་གྱི་ལས་དོན་ཁག་གསུམ་ལ་སྐུལ་འདེད་ཤུགས་ཆེན་ཐུབ་ཡོད་པ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་རིག་མཛོད་ཀྱི་ཆེད་མཁས་པའི་ཐོན་ཁུངས་སྡེབ་སྒྲིག་བཏང་ཡོད། དཀར་མཛེས་བོད་རིག་པ་ཞེས་པའི་དུས་དེབ་དཔེ་སྐྲུན་ལ་ཆོག་མཆན་ཐོབ་ཡོད། གསར་བརྗེའི་བརྩམས་ཆོས་གྲགས་ཆེན་མ་ཡུམ་ཞེས་པ་དང་ཚན་རིག་ཁྱབ་གདལ་བཀླག་དེབ་ཀྱི་ལོ་ཙཱ་དང་ཞུས་དག། པར་སྐྲུན་གྱི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་པར་གྲུབ་ཡོད། དཀར་མཛེས་ཁུལ་གྱི་མི་སྣ་གྲགས་ཅན་རྣམ་ཐར་ཞེས་པའི་རྩོམ་སྒྲིག་ལས་དོན་བདེ་བླག་ངང་སྤེལ་འགོ་བཙུགས་ཡོད། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ཚུད་ཐུབ་ཡོད་པ་དང་། ཕྱི་ཕྱོགས་སུ་སྤེལ་རེས་དང་ཡུལ་དངོས་སུ་ལྟ་སྐོར་རྟོག་ཞིབ་བྱེད་ཤུགས་སྔར་ལས་ཆེ་རུ་སོང་ཡོད། གྲུབ་འབྲས་གཙོ་བོ་འདི་ཚོ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཡང་དག་པ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁྲིད་སྟོན། ཆེད་མཁས་པ་དང་རིག་གནས་པ་ཚོའི་སེམས་ཁུར་དང་རྒྱབ་སྐྱོར་གྱི་བཀའ་དྲིན་ལས་ཐོབ་པ་ཡིན་ལ།  བོད་རིག་པ་ཞིབ་འཇུག་ཁང་གི་ལས་སྒྲུབ་མི་སྣ་ཡོངས་ཀྱི་འབད་བརྩོན་ལ་ལས་རག་པ་ཡོད་ཅེས་གསུངས་པ་རེད།

  ཇ་སྟོན་ཚོགས་འདུར་དེ་སྔོན་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ཀྱིས་ཆེད་མཁས་པའི་ཚབ་མཛད་ནས་གསུང་བཤད་གནང་། ཁོང་གིས་ལོ་འདི་ཚོའི་རིང་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་ལས་དོན་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། རང་ཉིད་ཀྱི་སློབ་ཁྲིད་མྱོང་བ་དང་ཞིབ་འཇུག་ཁ་ཕྱོགས་དང་བསྟུན་ནས་རང་ཁུལ་བོད་རིག་པ་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་ཡོང་བར་གྲོས་འགོ་དང་བསམ་འཆར་རྩ་ཆེན་དོན་ལ་གནས་པ་བཏོན་གནང་བ་དང་སྦྲགས། ཐུགས་རེ་ཡང་ཚད་མེད་གནང་། ཆེད་མཁས་པ་དང་རིག་གནས་པ་གཞན་དག་ཚོས་ཀྱང་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག་གོང་དུ་སྤེལ་བ་དང་འབྲེལ་བའི་གཏམ་སྐད་ཆ་ལྷུག་པར་བཤད་ཅིང་ཐབས་འབུལ་ཇུས་འབུལ་ཡང་བྱས་པ་རེད།

   ཇ་སྟོན་ཚོགས་འདུའི་སྤེལ་རེས་ཀྱི་ཁོར་ཡུག་བག་ཕེབས་པའི་འོག་ཕན་ཚུན་རྒྱུས་ལོན་སྔར་བས་ཇེ་ཆེར་དང་མཛའ་བརྩེ་ཇེ་ཟབ། མཉམ་ལས་ཇེ་བཟང་དུ་སོང་ཡོད།།

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་བོད་འབྲེལ་ས་ཁུལ་དུ་བྱེད་སྒོ་འདི་སྤེལ་འགོ་བཙུགས་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་ལ་བཀའ་སློབ་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།