ཞི་ཅིན་ཕིང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་ལ་བཀའ་སློབ་གལ་ཆེན་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-12-19

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12པའི་ཚེས12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་སྲོལ”མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགྲོ་བ་མིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་བཞག་པ་དེ་ཀྲུང་གོའི་ཇའི་རིག་གནས་དར་སྤེལ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་རེད། གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་རིམ་རང་བཞིན་སྲུང་སྐྱོང་ཡག་པོ་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཡག་པོ་བསྐངས་ཏེ་རིག་གནས་ཀྱི་གདེང་ཚོད་རང་དར་ལ་སྐུལ་འདེད་གཏང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་འཛམ་གླིང་དུ་དེ་བས་ཡག་ཡག་པོ་སྤེལ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

སྤྱི་ཟླ11པའི་ཚེས29ཉིན། རང་རྒྱལ་གྱིས་འདུན་ཞུ་བྱས་པའི“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་སྲོལ”མོ་རོ་ཁོའི་ལཱ་པ་ཐེ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་འཆར་ཅན་ཚོགས་འདུའི་ཐོག་དཔྱད་ཞིབ་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགྲོ་བ་མིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་བཞག་ཡོད། མིག་སྔར་རང་རྒྱལ་གྱི་རྣམ་གྲངས་ཁྱོན་བསྡོམས43མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་དང་མིང་ཐོའི་ནང་བཞག་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོར་ཆེད་མཁས་པའི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འདི་འདྲ་ཞིག་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།