ཆེས་མཐའ་མཇུག་གི་ཁྱེར་རྐྱང་།

ལྡེའུ་ནག        2022-12-26

ཁ་བའི་སྤྲིན་ཕུང་འཁྲིགས་པའི་རྗེས། །

ཀུན་རྟོག་སྣང་བ་དབྱངས་ཀྱིས་སྐྱོམ། །

དབྱར་ཟླ་ལྔ་བའི་དཔྱིད་དཔལ་ནང་། །

ཁུ་བྱུག་ཕེབས་སམ་ངས་མི་འདྲི། །

བདག་ནི་སྐྱོ་བའི་གཏིང་རིམ་ན། །

མྱ་ངན་རྡུལ་གྱིས་ཡང་ཡང་འཚང་། །

དཔེར་ན་ཨུཏྤལ་གསར་སྐྱེས་དག །

འདམ་གྱི་སྦུབས་ལས་མི་ཐར་བཞིན། །

དེ་ཞེས་འཇུག་པའི་དུས་ཚོད་དག །

ཚོགས་དྲུག་སྣང་བའི་རི་ལུང་ནང་། །

ཁྱོད་རང་མེ་ཏོག་གསར་བ་བཞིན། །

ཡང་ན་ནགས་ཀྱི་རི་དྭགས་བཞིན། །

བྲོས་ཙམ་རྒྱུགས་ཙམ་བྱས་ན་ཡང་། །

དེ་ཙམ་སྐྱོ་བའི་མུན་མཐའི་རྫོབ། །

བདག་གི་སྣང་ལམ་བཀབ་མ་ནུས། །

ཡིན་ཡང་དུས་ཚོད་འདི་གའི་མཚམས། །

བདག་སེམས་སྐྱ་མོར་གྲང་ངར་ལྡང་། །

ཁ་བ་བུ་ཡུག་ཤུགས་ཀྱིས་འབབ། །

སྤྲིན་དང་སྨུག་པ་འགོག་མེད་འཁྲིགས། །

སྡུག་བསྔལ་ཆར་གྱི་ཟིལ་བ་ལྷུང་། །

དེ་ལྟར་འདུ་འཛིའི་འཁྲུག་ལང་ཁྲོད། །

བདག་ཉིད་ཁེར་རྐྱང་ཡིན་པར་རྟོགས། །

ཁེར་རྐྱང་སྣང་བ་དབྱངས་ཀྱིས་སྐྱོམ། །

དབྱངས་ཀྱི་འགྱུར་ཁུག་ལྷོད་ཀྱིས་གྲོལ། །

དུས་ཚོད་འདས་པའི་མཐའ་མ་ནས། །

གཞོན་པའི་གདུང་བ་སུ་ཡིས་དཔོག །


  • ལེ་ཚན་སྔོན་མ།:མཚན་མོའི་སྐར་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།