ཁུལ་སྐབས13པའི་དམངས་ཆེན་གྲོས་ཚོགས་ཐེངས2པ་འཚོག་འགོ་བཙུགས།

        2023-01-03

     སྤྱི་ཟླ་དང་པོའི་ཚེས3ཉིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོག་འགོ་བཙུགས་པ་རེད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་གྱིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲེན་དབྱང་དང་ཧྲི་ཀང་། ཧོ་པིའོ། བློ་བཟང་ཆོས་འཕེལ། རིན་ཆེན། ཝང་ཆང་། ལུའོ་ལིང་། སུང་ཞའོ་ཅུན། ཀྲེན་ཞན་ཧྥེང་། དགེ་ལེགས་རྡོ་རྗེ། ཏུང་ཏེ་ཧོང་།  ཀྲང་ཅ་ཀྲི། གཡུང་དྲུང་ཚེ་རིང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

     སྔ་དྲོའི་ཆུ་ཚོད9པར་ཚོགས་ཆེན་འདི་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་འཚོག་འགོ་བཙུགས་པ་རེད།

     ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་གྱི་སྙན་སེང་ཞུས་པ་དང་། སྙན་སེང་ཁག་གསུམ་དུ་བགོས་པ་སྟེ། 2022ལོའི་ལས་དོན་ལ་ཕྱི་མིག་བལྟས་པ་དང་། 2023ལོའི་དམིགས་འབེན་དང་ལས་འགན་གཙོ་བོ། 2023ལོའི་ལས་དོན་བཀོད་སྒྲིག་བྱེད་སྟངས་ཀྱི་གྲོས་འགོ་བཅས་སོ།།

   ཚོགས་ཆེན་དུ་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པ་དང་སྤྱིར་བཏང་བ་ཞིག་གཏན་ནས་མིན་པའི་ལོ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་ཉེན་མེད་བཅས་ཡོང་བར་རྒྱུན་འཁྱོངས་ནས། བརྟན་ཐོག་ཡར་འཕེལ་དང་དཀའ་གནད་ལས་བསྒྲལ་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དམག་འཐབ་ཆེན་པོ་དང་རྒྱུགས་ལེན་ཆེན་པོ་ཡང་ཡང་ཐེག་པ་དང་། དམག་འཐབ་དྲག་པོ་རེ་རེ་ལས་རྒྱལ་ཁ་ཐོབ་ཅིང་། རྒྱལ་ཁ་གལ་ཆེན་ཡང་ཡང་བླངས་ཡོད།

     ཚོགས་ཆེན་དུ་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཁུལ་སྲིད་གཞུང་གིས་གཙོ་འཛིན་གྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་འགུལ་འགོག་གནོད་སེལ་ལ་རྒྱལ་ཁ་གལ་ཆེན་བླངས་ཡོད། ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ནས་རིམས་ནད་འགོག་ཟོན་ཐད་ལས་འགན་གལ་ཆེན་བསྒྲུབས་ཡོད། ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེ་བ་དང་། སྤྱི་འདོམས་འཆར་འགོད་བྱས་པས་ཉེན་མེད་དང་བརྟན་ལྷིང་ཡོང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།  བློ་རྩེ་གཅིག་སྒྲིམ་གྱིས་བརྟན་ཐོག་ཡར་འཕེལ་ཡོང་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཐད་ཤུགས་བཏོན་ཡོད། བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་སྐྱེ་ཁམས་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་གྲོང་ཡུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དམངས་འཚོའི་ཕན་བདེ་མང་དུ་བཏང་བས་མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད། ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བས་རང་ངོས་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་སྲུང་སྐུལ་སློང་དང་མི་དམངས་མཁའ་ཟོན། ས་འགུལ་ལྟ་ཞིབ་ཚད་ལེན། གནམ་གཤིས་ཆུ་དཔྱད། རླུང་འཕྲིན་སྦྲག་སྲིད། ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན། སྤྱི་གསོག་མ་དངུལ། ས་གནས་ཀྱི་ལོ་རྒྱུས། ལས་ཁུངས་ཀྱི་ལས་དོན། ཕྱིར་སྡོད་འབྲེལ་གཏུག། བསྡོམས་རྩིས་བརྟག་དཔྱད། དངུལ་རྩའི་ཉེན་སྐྱོབ་སོགས་ཀྱི་ལས་དོན་ཐད་གོམ་སྟབས་གསར་པ་སྤོས་ཡོད་པ་རེད། སྐྱེ་བོ་ལོ་ན་མ་སོན་པར་སྲུང་སྐྱོང་དང་། བཟོ་ཚོགས། གུང་གཞོན་ཚོགས་པ། དབང་པོ་སྐྱོན་ཅན། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་རྟགས་ཚོགས་པ། དགེ་སྒྲུབ་ཚོགས་པ། བཟོ་ཚོང་མཉམ་འབྲེལ་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོན་ཡོད། ཁུལ་ཡོངས་སུ་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་ཕྱིན། སྐྱེ་ཁམས་རྒྱུན་མཐུད་ལེགས་འགྱུར་གྱི་རྣམ་པ་བཟང་པོ་སྲུང་འཛིན་ཐུབ་ཡོད། སྔོན་དཔག་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར472ལ་ཟིན་ནས་བརྒྱ་ཆ4.0འཕར་བས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས་པ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར100ལ་ཟིན་ནས་བརྒྱ་ཆ10འཕར་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ12འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་བརྒྱ་ཆ10.5འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ལ128ལ་ཟིན་ནས་བརྒྱ་ཆ0.5འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྔ་མ་དང་འདྲ་བར་སྒོར་དུང་ཕྱུར53.72ལེགས་གྲུབ་བྱུང་བས་བརྒྱ་ཆ15.3འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར41472ལ་ཟིན་ནས་བརྒྱ་ཆ5འཕར་བས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། གྲོང་སྡེའི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16302ལ་ཟིན་ནས་བརྒྱ་ཆ6འཕར་བས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས། གཞིས་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་འཕར་ཚད་བརྒྱ་ཆ2ནང་ཚུད་དུ་ཚོད་འཛིན་བྱས་ཤིང་།  འཕར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་དམའ་བ་རེད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་བུན་དངུལ་གྱི་ལྷག་གྲངས་སོ་སོར་བརྒྱ་ཆ15.43དང8.5འཕར་ཡོད། ཁྱད་ལྡན་ཐོན་ལས་ཀྱི་གཙོ་གནད་ཚད་བརྒལ་ཡོང་ནས་ཐོན་ལས་རིམ་སྤོར་སྣེ་ཁྲིད་བྱས་ཡོད།

     ཚོགས་ཆེན་དུ་བསྟན་དོན། ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོར་བསྒྲུབ་དགོས་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་མཐར། ཏང་གི་འགོ་ཁྲིད་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མའི་མགོ་མཇུག་ཡོངས་སུ་ཁྱབ་རྒྱུ་རྒྱུན་འཁྱོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། བརྟན་ཁྲོད་ཡར་འཕེལ་གྱི་ལས་ཀའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་ནས་འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་པ་དང་། འཕེལ་རྒྱས་གཏོང་བའི་ཆགས་ཚུལ་གསར་པར་མཉམ་འདྲེས་བྱས་པར་བརྟེན། ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་གཏོང་བར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་གྱིས་འཆར་འགོད་དེ་བས་ཡག་པོ་བྱེད་པ་དང་། ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་ལ་དམ་པོར་དམིགས་པ་དང་། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཐོན་ལས་ཉེན་མེད་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་དམའ་རིམ་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱ་རྒྱུར་སྲུང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆགས་ཚུལ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རོགས། རྒྱལ་ཁབ་ཀྱི་མཐའ་མཚམས་སྐྱོང་ཞིང་བོད་བརྟན་བརླིང་གི་དུས་རབས་ཀྱི་འགན་འཁྲི་དོན་ལ་འཁྱོལ་ནས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་ཇེ་མགྱོགས་བྱ་དགོས།

     ཚོགས་ཆེན་དུ་བསྟན་དོན། ད་ལོའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ7འཕར་རྒྱུ་དང་། བསྡོམས་འབོར་སྒོར་དུང་ཕྱུར་ལྔ་བརྒྱ་ལས་བརྒལ་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ཞིང་ཆེན་ཡོངས་ལས་བརྒྱ་ཆ0.5འཕར་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གྲོང་ཁྱེར་དང་གྲོང་རྡལ་གཞིས་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དཔལ་འབྱོར་འཕར་བ་དང་ཧ་ལམ་འདྲ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ4.2ཀྱི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གཞིས་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ3.8ཀྱི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ།

      ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་འགོ་ཚུགས་པའི་ལོ་ཡིན་པར་བརྟེན། ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་འགན་འཁྲི་བསྒྲུབ་པ། སྙིང་སྟོབས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། གཤམ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས། གཅིག་ནི་ཁྱད་ཆོས་ཐོན་ལས་སྟོབས་ལྡན་ཁྱད་འཕགས་བྱས་ནས་འབྱུང་འཕྲོད་ཐོན་ལས་ཀྱི་མ་ལག་འཛུགས་སྐྱོང་བྱ་དགོས་པ་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རིག་གནས་ཡུལ་སྐོར་གྱི་ཁུལ་དང་ནུས་ཁུངས་ཀྱི་ཁུལ། སྐྱེ་ལྡན་ཁུལ་བཅས་འཛུགས་སྐྱོང་བྱ་དགོས། གཉིས་ནི་ནང་མཁོ་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་དེ་བསྣན་དགོས་པ་སྟེ། མ་དངུལ་འཇོག་པའི་འཛད་སྤྱོད་རྒྱ་སྐྱེད་གཏང་དགོས་པ་དང་། ཨང་ཀིའི་དཀར་མཛེས་ཁུལ་འཛུགས་སྐྱོང་། བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་དགོས། གསུམ་ནི་གནོད་སྐྱོན་ཐེབས་རྗེས་ཉམས་གསོ་བསྐྱར་སྐྲུན་ཇེ་མགྱོགས་བྱས་ནས་བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་དགོས་པ་སྟེ།  སྡོད་ཁང་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་སུ་འགྲུབ་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་ཇེ་མགྱོགས། ཐོན་ལས་ཉམས་གསོ་བསྐྱར་སྐྲུན་མངོན་གསལ་དོད་པོ་བྱ་དགོས། བཞི་ནི་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས་པ་སྟེ། ཕན་འབྲས་མཐོ་ལ་སྟབས་བདེའི་འགྲིམ་འགྲུལ་མ་ལག་སྐྲུན་པ་དང་། གཞིས་འཚམ་ལས་འཚམ་དང་མཐུན་མཛེས་ཡུལ་སྡེ་འཛུགས་སྐྱོང་། གཞིས་འཚམ་ཆ་རྐྱེན་འཛོམས་པའི་རིག་ནུས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྱོང་བྱ་དགོས། ལྔ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བརྒྱབ་ནས་སྟོད་རྒྱུད་ཀྱི་ཉེན་མེད་སྲུང་ཡོལ་བརྟན་པོར་བཟོ་དགོས་པ་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྐྱེ་ཁམས་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། དྲུག་ནི་དམངས་འཚོ་རྒྱུན་མཐུད་དེ་འགན་སྲུང་དང་ལེགས་བཅོས་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དགོས་པ་སྟེ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་གཏང་དགོས། བདུན་ནི་འཕེལ་རྒྱས་དང་བདེ་འཇགས་ཡོང་བ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་འདོམས་འཆར་འགོད་བྱས་ནས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་སྟེ། དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོ་བ་བྱ་དགོས། སྔར་ལས་མཐུན་འགྲིག་འཇམ་མཐུན་གྱི་འབྲེལ་བ་འཛུགས་དགོས། བདེ་འཇགས་ཀྱི་འགོག་རགས་སྔར་བས་སྲ་བརྟན་དུ་གཏང་དགོས། བརྒྱད་ནི་ཁྲིམས་སྐྱོང་དང་། ལས་ཕྱོད་ཆེ་ཞིང་སྤྱོད་གཙང་ཡིན་པ་རྒྱུན་འཁྱོངས་ཏེ། མི་དམངས་ཀྱི་བློ་ལ་བབ་པའི་སྲིད་གཞུང་འཛུགས་དགོས་པ་སྟེ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་ནས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་དགོས།

     ལས་བརྩོན་དང་ཆེད་ལས་རྒྱུན་འཁྱོངས་ཏེ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བར་འགན་ལེན་བྱ་དགོས། སྤྱོད་གཙང་སྒྲིག་ནན་རྒྱུན་འཁྱོངས་ཏེ། མི་དམངས་ཀྱི་བློ་ལ་འབབ་ཐུབ་པ་བྱ་དགོས། 

     ཚོགས་ཆེན་དུ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག།  ངར་སེམས་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་བྱ་གཞག་ཁག་འཕེལ་རྒྱས་ཡོང་བའི་མདུན་ལམ་གསར་པ་གཏོད་པ་དང་། ལས་བརྩོན་དང་ཆེད་ལས་ཀྱི་སྙིང་སྟོབས་ཐོག་ནས་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་གནས་བབ་གསར་པ་འཛུགས་པ། སྙིང་རུས་གཏན་འཁྱོངས་ཀྱི་ངེས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་གསར་དུ་གོམ་སྟབས་ཆེན་པོས་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམ་དགོས་པའི་འབོད་སྐུལ་བྱས་པ་རེད།།

     ཚོགས་ཆེན་གྱི་གྲོས་རིམ་ལྟར། ཚོགས་ཆེན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་ལེན་བསྟར་ཚུལ་དང2023ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་སེང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2022ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐུན་མོང་མི་ཐབས་ལ་བརྟེན་པའི་ཚོང་ཟོག་ནགས་ཚལ་དོ་དམ་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་འཆར་ཟིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་སི་ཁྲོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག་གི་བབ་བསྟུན་གཏན་འབེབས་ལག་ལེན་བསྟར་རྒྱུའི་སྐོར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཏན་འབེབས་འཆར་ཟིན་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་སོགས་འགྲེམས་སྤེལ་བྱས་ནས་འཐུས་མིར་གྲོས་ཞིབ་ཏུ་ཕུལ་ཡོད།

     འབྲེལ་ཡོད་མི་སྣ་ཚོགས་ཆེན་དུ་ཞུགས་ཡོད།

གསར་འགོད་པ་ཐུབ་བསྟན་དང་ཡེ་ཤེས། ཨོ་རྒྱན།


  • ལེ་ཚན་སྔོན་མ།:2022ལོའི་དཀར་མཛེས་ཁུལ་གྱི་གསར་འགྱུར་ཆེན་པོ་བཅུ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས་ཡོད།
  • དོ་སྣང་ཆེ་བའི་རྩོམ།