ཆེད་བརྗོད།

        2023-01-03

བློ་རིག་སྟོབས་ཤུགས་བསྡུས་ནས་ལེའུ་གསར་པ་བརྩམ།།

ངར་ཤུགས་ཆེ་རུ་བསྐྱེད་དེ་འབྱུང་འགྱུར་ཕྱོགས་སུ་བསྐྱོད།།

ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོག་པར་སྤྲོ་སེམས་འཕེལ་བའི་ངང་རྟེན་འབྲེལ་ཞུ།


     ལོ་གསར་པའི་ནང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ནས་རྣམ་པ་གསར་རྐྱང་དུ་གྱུར། དེ་རིང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་བཙུགས་པ་རེད། ཚོགས་འདུ་དེ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ཤུགས་ཆེན་བྱེད་པའི་དུས་སུ་འཚོག་པའི་ཚོགས་འདུ་གཟབ་རྒྱས་ཤིག་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རང་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་མི་སྣའི་རེ་བ་ཆེན་པོ་བཅངས་ནས་བློ་རིག་གཅིག་ཏུ་བསྡུས་ཤིང་ཡིད་ཆེས་ཀྱིས་ཁེངས་བཞིན་མཉམ་དུ་ཐབས་ཇུས་བཟང་པོ་འདོན་པ་དང་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད། ང་ཚོས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཕེལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ལ་གུས་འདུད་བླ་ན་མེད་པ་ཞུ་རྒྱུ་དང་མཛའ་བརྩེ་ལྡན་པའི་འཚམས་འདྲི་ཞུ་རྒྱུ་ཡིན། 

   འདས་མ་ཐག་པའི2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་ལས་སླ་པོ་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་རེད། ས་འགུལ་དང་རིམས་ནད། ཚ་གདུག་སོགས་གཅིག་ཐོག་ཉིས་བརྩེགས་ཀྱི་རྡབ་རྡེག་ལ་འཕྲད་ཅིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་བརྟན་ལྷིང་སྲུང་སྐྱོང་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པ་སོགས་ཀྱི་འགྲན་སློང་དྲག་པོར་འཕྲད་ཚེ། ཀྲུང་གུང་དཀར་མཛེས་ཁུལ་ཨུས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་དུས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཏང་ཀྲུང་དབྱང་གི་རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོར་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བའི་བླང་བྱ་གལ་ཆེན་ལ་གཞིགས་ཤིང་། དུས་རབས་ཀྱི་འགན་འཁྲི་བློ་ཐག་ཆོད་པོས་ཕྲག་ཏུ་འཁུར་བ་དང་། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཞིང་ཨུའི་ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་པ། ཉེན་མེད་འགན་ལེན་བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཁུལ་ཕྱི་ནང་གི་དུས་བབ་དང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་ནས་སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་བཅོས། སྐྱེ་ཁམས་རྒྱུན་མཐུད་ལེགས་འཕེལ་གྱི་རྣམ་པ་བཟང་པོ་སྲུང་འཛིན་ཐུབ་ཡོད།

    འདས་པའི་ལོ་གཅིག་རིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོག། ཁུལ་སྲིད་གྲོས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཏང་སྲིད་ལས་དོན་སྐུལ་སྤེལ་གང་དུ་བཏང་ན་སྲིད་གྲོས་ཀྱི་ལས་དོན་ཡང་དེ་གར་རྗེས་སྙེག་ཐུབ་པ་རྒྱུན་འཁྱོངས་ཤིང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ་ཕྱོགས་གཉིས་ནས་ཤུགས་བརྒྱག་རྒྱུ་རྒྱུན་འཁྱོངས། ཆབ་སྲིད་གྲོས་མོལ། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན། ཏང་གི་འགོ་ཁྲིད་ལ་ཤུགས་བརྒྱག་རྒྱུ་རྩ་བར་འཛིན་པ་དང་། གྲོས་མོལ་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དམིགས་འབེན་དུ་བཟུང་ཞིང་། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་འདེགས་སྐྱོར་དུ་འཛིན་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ ལས་དོན་གཙོ་གནད་ལ་དམ་པོར་དམིགས་ཤིང་། དོན་ཆེན་དང་བྱ་བ་གལ་ཆེན་དང་། དཀའ་གནད་ཆེ་ས། དམངས་ཀྱི་དགོས་མཁོ་བཅས་ལ་དམིགས་ཏེ་སྲིད་དོན་ལ་ཇུས་འདོན་ཧུར་ཐག་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་གཏོང་། སྐྱེ་ཁམས་རྒྱུན་མཐུད་ལེགས་འཕེལ་གྱི་རྣམ་པ་བཟང་པོ་སྲུང་འཛིན་གྱི་ཁྲོད་དུ་སྲིད་གྲོས་ཀྱི་བློ་རིག་དང་། སྲིད་གྲོས་ཀྱི་ལག་ལེན། སྲིད་གྲོས་ཀྱི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོའི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པས། མི་དམངས་སྲིད་གྲོས་ཀྱི་འབྲེལ་བ་རྒྱ་ཆེ་ཞིང་། ཤེས་ལྡན་མི་སྣ་མཉམ་འཛོམས། བློ་རིག་མང་འདུས་བཅས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་དང་། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ན། བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ཡོད།

     ཏང་གི་ཚོགས་ཆེན་ཉི་ཤུ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་འགོད་བརྗིད་ཉམས་ཆེ་བ་བཀོད་ཡོད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་སི་ཁྲོན་འཕེལ་རྒྱས་ཀྱི་ལེ་ཚན་གསར་པ་ཧུར་ཐག་ངང་རྩོམ་པར་དམིགས་ནས་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་ཤུགས་ཆེན་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་སྐོར་གྱི་གཏན་འབེབས》བཏོན་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འབད་འཐབ་དམིགས་འབེན་གསལ་པོར་བཏོན་ནས། རྒྱང་སྐྱོད་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པ་བྱས་རྗེས་གཞག་པའི་དུང་བརྡ་བཏང་བ་རེད། དེས་དུས་རབས་གསར་པའི་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་ལ། སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ཡོད། 

     ལོ་གསར་པའི་ནང་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་པོ་ཡོད། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་ཤིང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་སྐྱོང་བླ་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་པ། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་།“གཏན་འཁེལ་གཉིས་”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས་”བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་དགོས། ཁུལ་ཨུའི“གཙོ་ཕྱོགས་གཅིག་དང་།དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་གསར་དུ་འཛུགས་པ། སྒུལ་ནུས་ཆེན་པོ་བཞི་སྐྱེད་སྲིང་། འཐབ་ཇུས་ཆེན་པོ་ལྔ་ལག་ལེན”བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ་བསམ་ཤུགས་གཅིག་སྒྲིམ་གྱིས་དྲང་ནུས་གཅིག་ཏུ་བསྡུས་ནས་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་གསར་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོས་མོལ་གྱི་ཕན་ནུས་སྔར་ལས་ཆེ་རུ་གཏང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་ཧུར་ཐག་བཏང་ནས་འགན་ནུས་སྒྲུབ་ནུས་དང་ཆུ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་ལས་ཀའི་བླང་བྱའི་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱེད་ཅིང་། ལམ་ལྷོངས་བྱུང་དུས་རང་ཉིད་མེད་ན་ཆོག་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་བཞག་པར་རང་ཉིད་ངེས་པར་ཡོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས། རང་རྟོགས་ངང་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་སྲིད་གྲོས་ཀྱི་ལས་དོན་བཞག་ནས་ཇུས་འགོད་དང་། སྐུལ་འདེད་གཏོང་བ། དོན་འཁྱོལ་བྱས་ཏེ་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་བུར་“སྲིད་གྲོས་ཀྱི་སྐད་སྒྲ”སྒྲོག་པ་དང“སྲིད་གྲོས་ཀྱི་བྱ་སྤྱོད”མངོན་པ། “སྲིད་གྲོས་ཀྱི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་དགོས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱོན་ཡོངས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱེད་པ། དམངས་སེམས་དང་དམངས་འདོད་སྟངས་འཛིན་བྱེད་པ། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད། 

     སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་དང་ཕྱོགས་མཐུན་སྤྱོད་མཐུན་གྱིས་ལམ་བུ་གསར་པར་བསྐྱོད་དགོས། ང་ཚོས་བློ་མཐུན་ ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ཞིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སྟོབས་ལྡན་འོག། ཚོགས་ཆེན་གྱི་གྲོས་རིམ་ཁག་ལ་དམིགས་ནས། རང་འགན་འཁྲི་སྒྲུབ་ནན་ཏན་དང་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་ཏེ། བློ་རིག་བཟང་མོ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་ཐོག་ནས་མཐུན་སྒྲིལ་ཡར་བརྩོན་གྱི་སེམས་པ་གཅིག་ཏུ་བསྒྲིལ་ཏེ་དེ་བས་བརྟན་པའི་དད་སེམས་དང་། དེ་བས་ངར་སེམས་ཀྱི་སྙིང་སྟོབས །དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་ མགྱོགས་སུ་བྱེད་ཆེད་བློ་རིག་གཅིག་ཏུ་བསྡུས་ནས་འོད་སྟོང་གསར་པ་གཏོད་དགོས་སོ།།

   ཚོགས་ཆེན་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་གྲུབ་པའི་སྨོན་འདུན་ཞུ།

 དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་བྲིས། 


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་སྐབས14པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་འགོ་བཙུགས།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།