ཁུལ་སྲིད་གྲོས་སྐབས14པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་འགོ་བཙུགས།

        2023-01-02

 སྤྱི་ཟླ་དང་པོའི་ཚེས2ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་གླུའི་ཁྲོད་ནས་དར་མདོར་འཚོག་འགོ་བཙུགས།

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལེ་ཅན་ཕིང་། ཡིའུ་ཞང་ཧྥེ། དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། འཆི་མེད། ལུའོ་ལིང་། ལིའུ་ཧུང་། ཞེ་ཏཱ་ཆོན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་སོགས་འགོ་ཚུགས་ཚོགས་ཆེན་དུ་ཕེབས་ནས་རྟེན་འབྲེལ་ཞུས་ཤིང་ཀྲུའུ་ཞི་སྟེགས་བུར་བཞུགས།

     ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན284ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན237ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

     དབྱང་ཆིང་ཧྭ་ཡིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་བྱེད་པ་དང་། སྔ་དྲོའི་དུས་ཚོད་དགུ་པར་ཚོགས་ཆེན་དངོས་སུ་འགོ་བཙུགས་པ་ཁྱབ་བསྒྲགས་བྱས། ཚོགས་ཞུགས་མི་སྣ་ཡོངས་རྫོགས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།

     ཚོགས་ཆེན་དུ《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང》དང《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང》ལ་ཉན་འཇོག་བྱས་པ་རེད། ལེ་ཅན་ཕིང་གིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུས་པ་རེད།

སྙན་སེང་དུ་བསྟན་དོན།  2022ལོ་ནི་མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་དང་།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ལག་ལེན་བསྟར་པའི་འགག་རྩའི་ལོ་ཡིན་ལ། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་འགན་འཁྲི་སྒྲུབ་འགོ་ཚུགས་པའི་ལོའང་རེད།  ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག་དང་ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་ནུས་ལྡན་འོག་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པ་དང་། ཞིང་ཆེན་ཏང་ཨུའི་ཆབ་སྲིད་ལ་དང་དོད་དང་འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་པ། ཉེན་མེད་འགན་ལེན་བཅས་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས།  ཁུལ་ཨུའི་གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་འཛུགས་སྐྱོང་། སྒུལ་ཤུགས་ཆེན་པོ་བཞི་གསོ་སྐྱོང་། འཐབ་ཇུས་ཆེན་པོ་ལྔ་ལག་བསྟར་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་རྒྱུན་འཁྱོངས་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ་ཕྱོགས་གཉིས་ནས་ཤུགས་རྒྱག་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་གྱི་འགན་ནུས་ལག་ལེན་ཏན་ཏིག་བསྟར་བ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གཏོང་བ།  སྤྱི་ཚོགས་རྒྱུན་མཐུད་ངང་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས། སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་པའི་ཁྲོད་སྲིད་གྲོས་ཀྱི་བློ་རིག་འདོན་པ་དང་སྲིད་གྲོས་ཀྱི་ལག་ལེན་བསྟར་བ། སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་ཡོད།

     སྙན་སེང་དུ་བསྟན་དོན། 2023ལོར་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལས་དཀར་མཛེས་ཁུལ་གྱི་ལག་ལེན་ལ་སྣེ་ཁྲིད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་སྤྱིའི་སྣེ་ཁྲིད་དུ་བྱེད་ཅིང་། ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། གནས་ལྔ་མཉམ་དར་སྤྱིའི་གཞི་འཛིན་སར་བྱེད་པ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་པ། ཉེན་མེད་འགན་ལེན་བཅས་ཀྱི་ལས་ཀའི་སྤྱིའི་བསམ་ཕྱོགས་དང་། ཁུལ་ཨུའི་གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་འཛུགས་སྐྱོང་། སྒུལ་ཤུགས་ཆེན་པོ་བཞི་གསོ་སྐྱོང་། འཐབ་ཇུས་ཆེན་པོ་ལྔ་ལག་བསྟར་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་པ་དང་། དམངས་གཙོ་དང་མཐུན་སྒྲིལ་གྱི་བརྗོད་བྱ་ཆེན་པོ་གཉིས་དང་འཐབ་ཕྱོགས་གཅིག་གྱུར་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ལས་སྟེགས་ཆེན་པོ་གཉིས་ལ་དམ་དུ་འབྲེལ་ཞིང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་ཕན་ཚུན་འབྲེལ་མཐུད། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བར་ཕྱོགས་གཉིས་ནས་ཤུགས་བརྒྱག་རྒྱུ་རྒྱུན་འཁྱོངས། སྲོག་ཤིང་སྲུང་སྐྱོང་དང་། ནུས་པ་ཡོད་རྒུས་ལྟེ་བར་ཞབས་འདེགས་ཞུ་བ། དམངས་དོན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་། མི་སེམས་གཅིག་ཏུ་འགྲིལ་བ། རང་ངོས་ལེགས་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་ཅིང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བསམ་བློའི་ཁྲིད་སྟོན་དང་སྟོབས་ཤུགས་གཅིག་སྡུད། སྲིད་གླེང་ཇུས་འདོན། སྤྱི་ཡོངས་ལ་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། རྒྱང་སྐྱོད་ཀྱི་ལམ་གསར་དུ་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ། གཟུགས་བརྙན་གསར་པ་སྟོན་པ། བྱས་རྗེས་འབུལ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་ཧུར་ཐག་བྱ་དགོས།

      སྙན་སེང་དུ་བསྟན་དོན། ལོ་གསར་པའི་ནང་སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱིས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏང་དགོས་ཤིང་། གཙོ་གནད་ལས་དོན་ལ་ཞབས་འདེགས་ཤུགས་ཆེན་བྱེད་ཅིང་། དུས་རབས་ཀྱི་འགན་འཁྲི་ཁུར་ཏེ་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལག་ལེན་ལ་བསྐུལ་བར་དྲང་གཏམ་འབུལ་དགོས། དམངས་དོན་གྱི་ཐོག་མའི་བསམ་འདུན་དང་མི་དམངས་གཙོ་བོར་བཟུང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས། མི་སེམས་རྒྱ་ཁྱབ་ངང་གོང་བུར་འགྲིལ་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་གཞིག་སྟངས་འཛིན་བྱས་ཏེ་རྒྱུན་མཐུད་ངང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་གི་ངོས་འཛིན་གསར་པ་གཅིག་ཏུ་བསྡུ་དགོས། རང་ངོས་ལེགས་སྐྱོང་བྱེད་པར་སེམས་ནུས་བཏོན་ཅིང་རང་འགན་གཙང་སྒྲུབ་བྱས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་གཟུགས་བརྙན་གསར་པ་གཏོད་དགོས།  

      སྙན་སེང་དུ་ང་ཚོས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ལས་འགན་རླབས་པོ་ཆེ་དང་བྱ་གཞག་རླབས་པོ་ཆེའི་འབོད་སྐུལ་འོག། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ཞིང་། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་ཅིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་ཆུད་ཟོས་མི་གཏོང་བ། བློ་གཅིག་སེམས་གཅིག་བྱེད་པ། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ། སེམས་ནུས་གཅིག་ཏུ་སྒྲིལ་པ། སེམས་ནུས་ཡོད་རྒུ་འདོན་པ། ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཁྱོན་ཡོངས་ནས་ཞབས་འདེགས་ཞུས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།

     ལིའུ་ཙུང་ཅན་གྱིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངག་བཅོལ་ལྟར། ཚོགས་ཆེན་ལ་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སེང་ཞུས་པ་དང་། སྙན་སེང་དུ་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན། ཁྱོན་གྲོས་གཞི227བསྡུས་པ་དང་ཞིབ་དཔྱད་ཐོ་འགོད201བྱས་ཡོད། གྲོས་གཞི་ཚང་མར་སྒྲུབ་ལན་བསློགས་ནས་ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་བརྒྱ་ཆ97ལ་ཟིན་ཡོད་པ་བསྟན་ཡོད།

     ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ཁུལ་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་དཀར་མཛེས་རོགས་སྐྱོར་ལས་དོན་རུ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དར་མདོ་རུ་ཡོད་པའི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་རྒན་གྲས་བཅས་གདན་ཞུས་ལྟར་འགོ་ཚུགས་ཚོགས་ཆེན་ལ་ཞུགས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུར་བཞུགས། དར་མདོར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་དང་དོན་ལས་སྡེ་ཚན། ཁུལ་ཁོངས་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་སྲིད་གྲོས་ཀྱི་དྲུང་ཆེན་གཞོན་པ་དང་ཁུལ་སྲིད་གྲོས་ཀྱི་ཆེད་འགན་ཨུ་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་བཅས་ཚོགས་འདུར་ཟུར་དུ་ཞུགས་ཡོད།


ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།

 རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ངེས་པར་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།
  • ལེ་ཚན་རྗེས་མ།:ཆེད་བརྗོད།
  • དོ་སྣང་ཆེ་བའི་རྩོམ།