ཧྥུང་ཧྥ་ཀུའེ་དར་མདོ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

        2023-01-04

ཧྥུང་ཧྥ་ཀུའེ་དར་མདོ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས།

གནས་ཐོག་མའི་གྲོང་ཁྱེར་དང་མཛའ་གཞས་དར་མདོ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་གྱི་ཆེད་བྱས་རྗེས་མང་ཙམ་འབུལ་དགོས་པའི་ནན་གསུང་གནང་།

     སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་དར་མདོའི་འཐུས་མི་ཚོགས་པར་ཕེབས་ནས་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁོང་གིས་དར་མདོ་གྲོང་ཁྱེར་གྱིས་མ་སྐུལ་དང་ལེན་ངང་གནས་ཐོག་མའི་འགན་འཁྲི་ཁུར་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་འདོན་ཅིང་། གནས་ཐོག་མའི་གྲོང་ཁྱེར་དང་མཛའ་གཞས་དར་མདོ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་གྱི་ཆེད་བྱས་རྗེས་མང་ཙམ་འབུལ་དགོས་པའི་ནན་གསུང་གནང་བ་རེད།

     འཐུས་མི་ཚོས《སྲིད་གཞུང་གི་ལས་དོན་སྙན་སེང》ལ་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་ཡུལ་དངོས་ཚ་ཚ་འུར་འུར་དུ་གྱུར། ཧྥུང་ཧྥ་ཀུའེ་ཡིས་འཐུས་མི་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་པ་དང་ཟིན་བྲིས་བརྒྱབ་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བར་མ་ཟད། ཚང་མ་དང་གྲོས་བསྡུར་ཡང་གནང་བ་རེད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ལས་དོན་སྙན་སེང་ལ་གྲོས་ཞིབ་ནན་ཏན་བྱས་ཏེ། ཁུལ་སྲིད་གཞུང་གི་ལོ་གསར་པའི་ལས་དོན་བཀོད་སྒྲིག་ཐད་བསམ་འཆར་དང་གྲོས་འགོ་འདོན་པ་དང་། གཞི་རིམ་གྱི་རེ་ཞུ་དང་བསམ་འདུན་གང་ལེགས་མཚོན་དགོས་པའི་ཐུགས་རེ་གནང་བ་རེད། 

     ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། དར་མདོ་ནི་ཁུལ་སྲིད་གཞུང་གི་གནས་ཡུལ་དང་། ཁུལ་ཡོངས་ཀྱི་ཆབ་སྲིད་དང་།དཔལ་འབྱོར། རིག་གནས། ཚོང་དོན། ཆ་འཕྲིན་གྱི་ལྟེ་གནས། འགྲིམ་འགྲུལ་ལྟེ་བ་བཅས་ཡིན་པས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་ཡོད། ལྷག་དོན་དུ་འདས་མ་ཐག་པའི2022ལོར་དར་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་དང་། གསར་འབྱེད་གསར་གཏོད། འབད་འབུངས་ཡར་བརྩོན་བྱས་ནས། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གྲོང་ཡུལ་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་དམིགས་ཚད་ཀྱི་འཕར་ཚད་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཧུར་ཐག་ཕུལ་ཡོད། 

     ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། གནས་ཐོག་མའི་གྲོང་ཁྱེར་བསྐྲུན་དགོས། དར་མདོ་ནི་ཁུལ་ཡོངས་ཀྱི་གནས་ཐོག་མའི་གྲོང་ཁྱེར་ཡིན་པའི་ངོས་ནས་གནས་ཐོག་མའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གནས་ཐོག་མའི་ནུས་པ་བཏོན་ཏེ། དར་རྒྱས་གོང་འཕེལ་དང་། མཐུན་སྒྲིལ་འཆམ་མཐུན། ཤེས་དཔལ་མཛེས་སྡུག་བཅས་ཀྱི“དཔེ་སྟོན་གསུམ”ཡག་པོ་བྱ་དགོས། བཟང་ཆ་སྤེལ་ནས་ཞན་ཆ་གསབ་རྒྱུ་རྒྱུན་འཁྱོངས་བྱ་དགོས། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་དར་མདོར་མི་འགྲུལ་དང་། ཟོག་འགྲེམས། མ་དངུལ། ཆ་འཕྲིན་བཅས་འབོར་ཆེན་བྱུང་ནས་གྲོང་ཡུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད། དར་མདོ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་གྱི་འགག་འཆིང་སེལ་བའི་གོ་སྐབས་དམ་པོར་བཟུང་ནས། གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པའི་ཞན་ཆར་གང་མགྱོགས་ཁ་གསབ་པ་དང་། སློབ་གསོ་སྤུས་ལེགས་དང་། འཕྲོད་བསྟེན་སྤུས་ལེགས། ཞབས་ཞུ་སྤུས་ལེགས། རིག་གནས་སྤུས་ལེགས་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་ཐེག་ནུས་ཆེ་རུ་གཏང་དགོས། གསོག་གྲངས་བརྟན་པོ་ཡོང་བ་དང་འཕར་གྲངས་ཆེ་རུ་གཏང་དགོས། དར་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་དང་དེ་བཞིན་ཁུལ་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱེད་ཅིང་། དུས་བབ་གསལ་རྟོགས་དང་། འཕེལ་ཕྱོགས་སྟངས་འཛིན། ཡིད་ཆེས་བརྟན་པོ། ཇུས་འདོན་གནད་སྨིན་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་འཛུགས་སྐྲུན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་ཁྲོམ་རའི་བྱེད་པོ་བརྟན་པོ་དང་རྒྱ་ཆེར་གཏོང་ཞིང་། འཛད་སྤྱོད་བསྐྱར་འཕར་དང་མི་མངོན་པའི་སྟོབས་ཤུགས་གློད་པ་དང་། དམིགས་ཚད་ཁག་གི་འཕར་ཚད་སྔོན་དཔག་ལས་མགྱོགས་པ་དང་སྔོན་དཔག་ལས་ཡག་པ་ཡོང་བའི་བརྩོན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་བྱས་རྗེས་མང་ཙམ་འབུལ་དགོས། མཛའ་གཞས་དར་མདོ་བསྐྲུན་དགོས། “དར་མདོའི་མཛའ་གཞས་”ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས། དར་མདོ་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོ་ལྗོངས་ཁུལ་དུ་བརྩིས་ནས་བསྐྲུན་དགོས་པ་དང་། རི་ཆུ་ནི་རྩ་བ་ཡིན་པ་དང་། རིག་གནས་ནི་བླ་སྲོག་ཡིན་པ། ཕྱི་ནང་གཉིས་ཀ་སྐྱོང་བ་རྒྱུན་འཁྱོངས་ཏེ། ཕག་མོ་རིའི་མཛའ་གཞས་རིག་གནས་དང་སྐོར་བྲོ་རིག་གནས་སོགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྔར་བས་དར་སྤེལ་དང་རྒྱུན་འཛིན་བྱ་དགོས། ལྷག་པར་དུ“མཛའ་གཞས་གྲོང་ཁྱེར”སྐྲུན་པའི་ལས་དོན་ཡག་པོ་བསྒྲུབས་ནས་དར་མདོ་གྲོང་ཁྱེར་ལོ་ཚད་མི་འདྲ་བའི་མཛའ་རོགས་སོ་སོའི་བརྩེ་སེམས་དམ་འཇོག་བྱ་ཡུལ་བཙུགས་ཏེ། དེང་རབས་ཀྱི་མིའི་བསམ་པའི་འཚོ་བའི་རིག་གནས་ཀྱི་ཡུལ་སྐོར་དང་སེམས་པའི་ཡུལ་སྐོར་གྱི་དགོས་མཁོ་བསྐངས་ནས། ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ་དང་ཕྱིར་བལྟས་རྒྱག་ཚད་མཐོ་རུ་གཏང་དགོས།

     ཚོགས་འདུ་མ་འཚོག་གོང་ཧྥུང་ཧྥ་ཀུའེ་ད་དུང་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོའི་འདུག་གནས་སུ་ཕེབས་ནས་ཚོགས་འདུར་ཞུགས་མཁན་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལོ་གསར་པའི་སྨོན་འདུན་ཞུས་པ་རེད།

     ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡན་ལེ། ཁུལ་སྲིད་གཞུང་གི་དྲུང་ཆེན་གྲོས་བསྡུར་ནང་ཞུགས་པ་རེད།།


ཐུབ་ཀྱིས་བསྒྱུུར་ནས་ཞུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཁུལ་སྲིད་གྲོས་ཀྱི་གྲོས་བསྡུར་ཚོ་ཆུང་འདིར་ཞུགས།
  • ལེ་ཚན་རྗེས་མ།:ཁུལ་དམངས་ཆེན་འཐུས་མི་བཞིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10