ཞིང་ལས་དང་ཞིང་སྡེ་པུའུ་ཡིས་དཔྱིད་དུས་སོ་ནམ་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་མུའུ་རེའི་ཐོན་ཚད་མཐོ་རུ་གཏང་དགོས་པར་བསྟན།

    མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།    2023-02-15

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར། ཞིང་ལས་དང་ཞིང་སྡེ་པུའུ་ཡིས་རྒྱལ་ཡོངས་ཀྱི་དཔྱིད་རྨོད་དཔྱིད་གྲབས་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་དཔྱིད་རྨོད་དང་གྲོ་དང་པད་ཁའི་ཞིང་ནང་གཡོག་བྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྲན་ཆེན་གྱི་རྒྱ་ཁྱོན་བརྟན་པོ་ཡོང་བ་དང་། མུའུ་རེའི་ཐོན་ཚད་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བ། དབྱར་དུས་ཀྱི་འབྲུ་སྣུམ་ཐོན་འབབ་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ནས་བརྟན་པོའི་ངང་འཕར་བ་དང་། ཟོག་གོང་བརྟན་པོ། ཡིད་ཆེས་ཆེ་རུ་འགྲོ་བ་བཅས་ལ་འདེགས་སྐྱོར་བརྟན་པོ་བྱ་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུར་འགག་སྒྲོལ་དཀའ་སེལ་གྱིས་སྲན་ཆེན་དང་པད་ཁ་འདེབས་ཁྱོན་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་དང་། ལས་སྣོན་རིན་སྤར། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡག་པོ་བྱ་དགོས། ད་སྔར་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་སྲན་ཆེན་དང་ཨ་ཤོམ་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མཐུན་སྦྱོར་དང་འཐུས་ཚང་ཡོང་བར་དམ་འཛིན་བྱས་ནས་རེས་འདེབས་ཁ་གསབ་དང་འབྲུ་རིགས་ཐོན་འབབ་ཆེ་བའི་རྫོང་དང་བཟའ་སྣུམ་ཐོན་འབབ་ཆེ་བའི་རྫོང་ལ་བྱ་དགའ་སྤྲོད་པའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཐོན་འཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྲན་ཆེན་གྱི་མ་གནས་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་ཚོད་ལྟའི་རྫོང་ཁེབས་ཁྱོན་ཆེ་རུ་གཏོང་བ། སྲན་ཆེན་འདེབས་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲན་ཆེན་དང་ཨ་ཤོམ་འདེབས་འཛུགས་ཀྱི་ཁེ་འབབ་ཧེ་བག་ཆུང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་སྲན་ཆེན་འདེབས་ཁྱོན་བརྟན་པོ་ཡོང་བ་བྱ་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུར་ཞིང་འདེབས་འཐུས་ཤོར་མི་འགྲོ་བར་དཔྱིད་འདེབས་ལ་དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ནན་དུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་བྱ་དགོས། མུའུ་རེའི་ཐོན་ཚད་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བ་དེ་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འབྲུ་སྣུམ་ཐོན་སྐྱེད་ཀྱི་གཙོ་གནད་དུ་བརྩིས་ནས་འབྲུ་སྣུམ་སྐྱེ་དངོས་གཙོ་བོའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་འགོ་བཙུགས་ཏེ་ཞིང་ཁ་དང་ཚོད་ལྟའི་དཔེ་སྟོན་ཞིང་ཁའི་མུའུ་རེའི་ཐོན་ཚད་ཀྱི་ཧེ་བག་ཆེ་བའི་གནད་དོན་ལ་དམིགས་ནས་འཁོར་འབྲེལ་ཧྲིལ་པོ་དང་ལྷུ་ཚིགས་ཧྲིལ་པོར་ཞན་ཆ་འཚོལ་བ་དང་དབྱེ་ཞིབ་བྱས་ཏེ་སྣ་ཁ་ཕྱེ་ནས་ཞིང་བཟང་དང་། སོན་བཟང་། ཐབས་བཟང་། ལམ་ལུགས་བཟང་པོ་བཅས་གཅིག་སྡུད་སྒྲིག་སྦྱོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཇུས་གཞི་བཏོན་ཐོག་ལག་རྩལ་འདུས་གྲུབ་དང་། ལེ་ལག་གཙོ་བོ། སྲིད་ཇུས་འབྲེལ་མཐུད་བཅས་ཡག་པོ་བྱས་ཤིང་སྤུས་ཚད་མཐོ་ལ་ཐོན་འབབ་ཆེ་བའི་སྣ་ཁའི་ལག་རྩལ་ཁྱབ་གདལ་བཏང་སྟེ་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མགྱོགས་མྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་སླར་སྐྱེས་ནུས་རྒྱུ་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།