2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བསྒྲགས་འདུག།

ཐུབ་ཀྱིས་བསྒྱུར།        2023-02-17

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ2ཚེས13ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ལ། དུས་རབས21པ་ཚུན་དུ“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་ཐེངས20ཡིན་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཞིན་ཧྭ་གསར་འགྱུར་ཁང་ལ་དབང་སྤྲད་དེ་བསྒྲགས་པ་རེད། ཡིག་ཆ་དེའི་ཁ་བྱང་ནི《2023ལོའི་ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་པར་ཁྱོན་ཡོངས་ནས་སྐུལ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཞེས་པ་ཡིན་ཞིང་། ཡིག་ཆ་ཆ་ཚང་ལ་ཁྱོན་ནང་དོན་ཁག་དགུ་ཚུད་ཡོད་པ་སྟེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་རྒྱག་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཡུལ་སྡེའི་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ། ཞིང་པ་འབབ་འཕར་ཕྱུག་འབྱོར་ཡོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། གནས་འཕྲོད་ལས་འཚམ་མཐུན་མཛེས་ཀྱི་ཡུལ་སྡེ་སྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་ཡུལ་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་འགན་ལེན་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་སོ།། 

      ཡིག་ཆར་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་དེ་སྔར་བཞིན་ཡུལ་སྡེར་གནས་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་སུ་ཕྱིན་ནས་རང་རྒྱལ་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཤིང་རྒྱུ་རྐྱེན་གཏན་འཁེལ་མེད་ལ་ཚོད་དཔག་དཀའ་བ་མང་དུ་འགྲོ་བའི་དུས་སུ་སླེབས་ཡོད། “ཞིང་གསུམ”གྱི་གཞི་གདན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་དང་ནོར་འཛོལ་ཤོར་མི་རུང་བ་ཞིག་རེད། ཏང་ཀྲུང་དབྱང་གིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་བ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་སུ་གཏང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཡིག་ཆར་བསྟན་དོན། འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་དང་དབུལ་པོ་བསྐྱར་ལོག་གཞི་ཁྱོན་ཅན་སྔོན་འགོག་སོགས་ཀྱི་མཐིལ་ཚད་མཐའ་གཅིག་ཏུ་བསྲུངས་ཤིང་། ཡུལ་སྡེ་འཕེལ་རྒྱས་དང་། ཡུལ་སྡེ་འཛུགས་སྐྲུན། ཡུལ་སྡེ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་པ་དང་། གནས་འཕྲོད་ལས་འཚམ་མཐུན་མཛེས་ཀྱི་ཡུལ་སྡེ་འཛུགས་སྐྲུན་བྱ་དགོས།

       ཀྲུང་དབྱང་གི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ཤུགས་ཆེན། ཡུལ་སྡེ་དར་རྒྱས་ཀྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ། དམ་པ་དོན་གཉེར་གྱིས2023ལོའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་ཅིང་། དམིགས་འབེན་ལས་འགན་གཏན་ལ་ཕབ་པ་ཆད་ལུས་མེད་པར་བསྒྲུབས་ཏེ་ཡུལ་སྡེ་དར་རྒྱས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པ་དང་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་འགོ་ཡག་པོ་འཛུགས་པ་ཁྱོན་ཡོངས་ནས་བསྐུལ་དགོས་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཞིང་ལས་དང་ཞིང་སྡེ་པུའུ་ཡིས་དཔྱིད་དུས་སོ་ནམ་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་མུའུ་རེའི་ཐོན་ཚད་མཐོ་རུ་གཏང་དགོས་པར་བསྟན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།