བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་སྨོན་ཚིག་གསེར་གྱི་ལྷ་དར།

འོད།        2023-02-20

མཚན་དཔེའི་གཟི་བྱིན་དཔལ་བེའུ་རི་མོས་འཁྱུད། །

མཚན་སྙན་གཡུ་འབྲུག་མཛད་བཟང་མཁའ་རུ་ལྡིར། །

མཚན་ཐོས་འགྲོ་བའི་གདུང་སེལ་སྐྱབས་ཡུལ་མཆོག །

མཚན་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །

མཛེས་སྡུག་ཡོན་ཏན་རབ་རྫོགས་སྟོན་ཟླའི་དཔལ། །

མཛེས་བཟང་ལྷག་བསམ་རབ་དཀར་པདྨོའི་ཞལ། །

མཛེས་དཔྱོད་མཁྱེན་བརྩེ་རབ་རྒྱས་གངས་ཀྱི་ལྷུན། །

མཛེས་པ་གཅིག་བསྡུས་དགེ་རྒན་སྲིད་འདིར་རྒྱལ། །

རྣམ་ཐོས་གནས་ལྔ་རིག་པའི་གཞུང་ལུགས་མཚོར། །

རྣམ་དཔྱོད་གྲུ་གཟིངས་ཡངས་པོ་ཆེར་བསྐྱོད་ཅིང་། །

རྣམ་གསུམ་ཆོས་སྤྱོད་འཁོར་ལོར་འབྲལ་མེད་ངང་། །

རྣམ་བཀྲའི་གདུགས་ལྟར་སློབ་གསོ་སྐྱོང་ཀུན་ཤིས། །

བྱམས་བརྩེ་ཀུན་གསལ་སྒེག་མོའི་བཞིན་ཁྱིམ་ནས། །

བྱམས་སྐྱོང་ཉིན་བྱེད་མཚར་སྡུག་འཛུམ་སྟོང་གྲོལ། །

བྱམས་གསུང་སྙན་འགྱུར་དུང་གི་སྒྲ་དབྱངས་ཀློང་། །

བྱམས་པའི་དཔལ་གྱུར་ཕ་མའི་ཚེ་བསོད་འཕེལ། །

རང་སྲོལ་རྩིབས་སྟོང་འཁོར་ལོས་རྒྱན་མཛེས་པའི། །

རང་རིགས་ཆོལ་གསུམ་སྤུན་ཟླའི་དབང་ཐང་དར། །

རང་གཞན་མི་རིགས་མཛའ་མཐུན་ལག་ཟུང་གིས། །

རང་ཅག་མེས་རྒྱལ་མདུན་ལྗོངས་དཔལ་བསུ་ཤོག །

ཤེས་བྱའི་རྒྱལ་མཚན་དུས་གསར་མཁའ་རུ་བསྒྲེངས། །

ཤེས་ལྡན་མི་རབས་དགའ་ཚལ་འདབ་སྟོང་བཞད། །

ཤེས་ཡོན་ཚན་རྩལ་རླབས་ཕྲེང་དགུང་དུ་བསྙེགས། །

ཤེས་རིག་ལམ་ཆེན་འགྲིམ་པའི་སློབ་ཚོགས་རྒྱལ། །

མཛའ་བརྩེ་དངུལ་དཀར་བུམ་པའི་མགུལ་རྒྱན་དུ། །

མཛའ་གཅུགས་རི་མོའི་འཕྱོར་སྒེག་རྣམ་བཀྲ་ཞིང་། །

མཛའ་འབྲེལ་ཕྱི་ཐག་ཙན་དཀར་ལྗོན་པའི་བསུང་། །

མཛའ་མཐུན་གྲོགས་ཀྱིས་འཚོ་བའི་སྨོན་ལམ་ཡག །

རབ་མཛེས་འབྱོར་ཕྱུག་མཚོ་ལ་གསེར་ཉ་འཁོར། །

རབ་རྒྱས་ལོ་ལེགས་ཆར་ཆུས་རྒྱལ་ཁམས་བརྟས། །

རབ་སྙན་གླུ་གར་རྩེད་འཇོའི་དགའ་སྟོན་འཕེལ། །

རབ་མང་རྒན་དར་གཞོན་པའི་ལས་ཀུན་འགྲུབ། །



  • ལེ་ཚན་སྔོན་མ།:ཡོས་ལོར་བཀྲ་ཤིས་བདེ་ལེགས་ཤོག།
  • ལེ་ཚན་རྗེས་མ།:རྟེན་འབྲེལ་གཡང་གི་ལོ་སར།