ལོ་སར་དང་དེའི་རྒྱབ་ལྗོངས་གླེང་བ་།

ཛམ་ཐང་དང་གངས་དབྱངས་སོན་གྱིས་བྲིས།        2023-02-20

༡ ལོ་སར་དུས་སྟོན་ནི་མི་རིགས་སོ་སོའི་རིག་གནས་ཀྱི་རང་གཟུགས་ཕྱིར་མངོན་སྟངས་ཤིག་རེད།

སྤྱིར་ཤར་ནུབ་ཀྱི་མི་རིགས་ཕལ་མོ་ཆེར་གནམ་ལོ་གསར་རྙིང་གི་གྱེས་མཚམས་སུ་ལོ་སར་དུས་སྟོན་ལ་རོལ་སྲོལ་ཡོད་འདུག་ལ། ལྷག་པར་ང་ཚོ་བོད་གངས་ཅན་པར་མཚོན་ན། སྔོན་བྱོན་བཙན་པོའི་སྐུ་དུས་ནས་ལོ་སར་དུས་སྟོན་གྲ་རྒྱས་པོ་གཏོང་སྲོལ་ཡོད་པ་སོགས་སྔོན་གྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་གསལ། དེ་བས་ལོ་སར་ལ་རོལ་བ་ནི་ཉིན་ཁ་ཤས་ཙམ་གྱི་ཡུན་ལ་ཁྱིམ་མི་དང་གཉེན་གྲོགས་ལྷན་འཛོམས་བྱས་ཏེ་གསོལ་སྟོན་ཡིད་ཚིམས་པ་ཞིག་ལ་རོལ་རྒྱུ་ཙམ་ལས་གཞན་པའི་ཉིང་དགོས་ཅི་ཡང་མེད་པར་སེམས་པ་དང་། ཁ་ཤས་ཀྱིས་རང་མི་རིགས་ཀྱི་ལོ་སར་དུས་ཚེས་སོགས་སྲུང་བརྩི་མི་བྱེད་པར་མི་རིགས་གཞན་གྱི་རྗེས་སུ་སྙེག་རྐྱང་བྱེད་བཞིན་པ་ནི་ཆེས་ཉེན་ཚབས་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་མཐོང་།

དེས་ན་མི་རིགས་སོ་སོའི་ལོ་སར་དགའ་སྟོན་གྱི་རྒྱབ་ལྗོངས་སུ་མི་རིགས་དེ་དང་དེའི་ཕ་མེས་ནས་བརྒྱུད་པའི་ཡུལ་སྲོལ། གོམས་གཤིས། དད་མོས་སམ། ནང་བསམ་བློའི་འདུ་ཤེས་དང་། རིགས་གཞུང་སོགས་ཆོས་དང་འཇིག་རྟེན་གྱི་རིག་གནས་མང་པོ་ཞིག་གི་སྣང་ཚུལ་མཐོང་ཐུབ་ཀྱིན་ཡོད་ཅིང་། དེའི་དབང་གིས་མི་རིགས་སོ་སོའི་ལོ་སར་བརྩི་སྲུང་གནང་བའི་དུས་ཚེས་མི་གཅིག་པར་མ་ཟད་ལོ་སར་ཇི་ལྟར་རོལ་སྟངས་ཀྱང་གཅིག་པར་ཆགས་ཐུབ་ཀྱིན་མེད་པ་ལས་གསལ་བོར་ཤེས་ཐུབ། དེ་བས་ལོ་སར་ལ་རོལ་བ་ནི་འགྲོ་བ་མི་སྤྱིའི་གོམས་སྲོལ་ཞིག་ཡིན་ནའང་། མི་རིགས་རང་གི་རིག་གནས་གོམས་སྲོལ་དང་མཐུན་པའི་ལོ་སར་གཏང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྟེ། མི་རིགས་ཤིག་གི་ཡུལ་སྲོལ་སོགས་རིག་གནས་ཀྱི་འཆི་གསོན་དང་འབྲེལ་བ་དམ་ཟབ་ཡོད་པས་སོ། །

༢ ལོ་སར་གཅིག་གྱུར་སྒོས་སྲུང་བརྩི་གནང་བ་ནི་མི་རིགས་ཀྱི་རིག་གནས་ལ་སྲུང་བརྩི་བྱས་པ་རེད།

སྤྱིར་ང་ཚོ་བོད་ལ་མཚོན་ནའང་བོད་རྩིས་ནང་གསེས་སུ་རྩི་ལུགས་ཅུང་མི་འདྲ་བ་རེ་ཡོད་དུ་ཆུག་ཀྱང་གང་ལྟར་བོད་ཀྱི་རྩིས་གཞུང་རིག་པ་གང་ཞིག་དང་སྒོ་བསྟུན་ནས་མདོ་དབུས་ཁམས་གསུམ་གྱི་གཅིག་གྱུར་ལོ་སར་དུས་སྟོན་བརྩི་སྲུང་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་ཏེ། ང་ཚོ་ནི་རིགས་གཞུང་དང་དད་མོས་ཀྱི་གཟུང་ཐག་གཅིག་གིས་སྦྲེལ་བའི་མི་རིགས་ཤིག་ཏུ་གྲུབ་ཡོད་ཅིང་། སོ་སོའི་ཆོས་དང་རིགས་གཞུང་གོམས་སྲོལ་སོགས་ལ་གཅིག་གྱུར་སྒོས་སྲུང་བརྩི་དང་བདག་པོ་བརྒྱག་རྒྱུ་དེ་མ་བསྐོས་ཕྲག་སྟེང་དུ་ལྷུང་བའི་འགན་འཁྲི་ཞིག་ཏུ་གྲུབ་ཡོད་པའང་སྨོས་མ་དགོས་སོ། །

དེ་བས། རང་མི་རིགས་ཀྱི་གོམས་སྲོལ་དང་མཐུན་པའི་ལོ་སར་སྲུང་བརྩི་གནང་བའི་གོ་རིམ་ཁྲོད་ནས་ཁྱིམ་ཚང་ནང་ཁུལ་གྱི་ཨ་མྱེ་དང་ཨ་ཕྱི་སོགས་རྒན་རབས་པ་ཚོས་རང་གི་བུ་ཚ་ཕྱི་རབས་པ་ཚོར་མི་རིགས་རང་གི་ཡུལ་སྲོལ་དང་གོམས་གཤིས། ཟ་ཉལ་འགྲོ་འདུག་སོགས་ཕྱིའི་ཀུན་སྤྱོད་རིག་གནས་དང་། དད་མོས་དང་འདུ་ཤེས་འཁྱེར་ཚུལ་སོགས་ནང་བསམ་བློའི་དཔལ་ཡོན་གྱི་རྒྱུན་ཤེས་གལ་གནད་ཅན་མང་པོ་ཞིག་བརྒྱུད་སྤྲོད་དང་མཛུབ་སྟོན་གནང་བའི་གོ་སྐབས་རྩ་ཆེ་ཤོས་ཤིག་ཏུ་ཆགས་ཡོད་ཅིང་། དེ་བཞིན་དུ་ལོ་སར་དུས་སྟོན་གྱི་སྐབས་སུ། ཡུལ་སྡེ་གཅིག་པའམ་གྲོང་ཚོ་གཅིག་པ་སྟེ་སོ་སོའི་ཉེ་འཁོར་གྱི་རུ་རོགས(སྐབས་ལ་ལར་གྲོང་རོགས་ཀྱང་ཟེར)ནང་ཕན་ཚུན་མགྲོན་དུ་འབོད་རེས་བྱས་ཏེ་འདུ་འཛོམས་བྱེད་བཞིན་ཡོད་ཅིང་། སྣང་ཚུལ་དེ་གཅིག་པས་ཀྱང་སོ་སོའི་ཡུལ་ལུང་གཅིག་པའི་མི་བུ་ཕན་ཚུན་བར་གྱི་མཛའ་བརྩེ་དང་མཐུན་སྒྲིལ་གྱི་ལག་ཟུང་དམ་ནས་དམ་དུ་འབྲེལ་བའི་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་ནུས་པ་འཐོན་བཞིན་ཡོད་པ་སོགས་ལོ་སར་དུས་སྟོན་གྱི་དངོས་ཤུགས་ཟུར་གསུམ་ནས་བཟང་ཕྱོགས་ཀྱི་ནུས་པ་གང་མང་མང་ཞིག་འདོན་སྤྲོད་བྱེད་བཞིན་ཡོད་པའང་ཤེས་དགོས་ངེས་ཤིག་རེད་འདོད། དེས་ན་ལོ་སར་སྲུང་བརྩི་གནང་བ་ནི་ཁྱིམ་མི་དང་མཛའ་ཉེ་ལྷན་འཛོམས་ཀྱི་རིན་ཐང་ཙམ་ལས་བརྒལ་ཏེ་མི་རིགས་ཤིག་གི་རིག་གནས་དང་གོམས་སྲོལ་ལ་སྲུང་བརྩི་གནང་གིན་ཡོད་པའང་མཁྱེན་རྟོགས་དགོས་པའི་གནད་དོན་ཞིག་ཏུ་སེམས།

༣ ལོ་སར་དུས་སྟོན་ལས་ཁྱིམ་མི་ལྷན་འཛོམས་ཀྱི་དགོད་སྒྲ་ཚོར་ཐུབ།

ལོ་སར་ལ་རོལ་བ་ནི་ཁྱིམ་མི་དང་གཉེན་གྲོགས་ལྷན་འཛོམས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཏུ་ཆགས་ཡོད་དེ། དཔལ་འབྱོར་དང་ཚན་རྩལ་གྱི་དུས་རབས་བསྙེགས་ཟིན་པའི་དེང་གི་སྤྱི་ཚོགས་འདིར་ཁྱིམ་ཚང་ཞིག་ལ་མཚོན་ན། ཁྱིམ་མི་ཚང་མ་ལྷན་ཅིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་པ་ནི་ཉིན་སྐར་ལས་ཀྱང་དཀོན་པར་སྣང་། དེ་ཡང་སོ་སོའི་ཁྱིམ་ཚང་གི་འཚོ་གནས་དང་ཁེ་ཕན་སོགས་ཀྱི་ཆེད་དུ་བུ་དང་བུ་མོ་ཚང་མའང་ཡུལ་ལུང་དང་རྒྱལ་ཁབ་མི་གཅིག་པར་སློབ་གྲྭར་འགྲོ་བ་དང་། ཁེ་ལས་གཉེར་བ། གཞུང་ཞབས་པའི་ལས་ཀ་གཉེར་བ་སོགས་ཀྱིས་མཚོན་སྤྱི་ཚོགས་ཀྱི་ལས་སྒོ་སོ་སོར་ཞུགས་དགོས་ཡོད་ཅིང་། འུར་ཟིང་གི་སྤྱི་ཚོགས་འདིར་ཁྱིམ་མི་ལྷན་འཛོམས་ཀྱི་དགོད་སྒྲ་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་བས་ལོ་སར་གྱི་དུས་སྐབས་འདི་ནི་ཁྱིམ་མི་ལྷན་འཛོམས་དང་མཛའ་ཉེ་ངོ་ཐུག་ཡོང་བའི་གོ་སྐབས་ཆེས་ལེགས་ཤོས་དེ་ངོས་འཛིན་པ་ཅི་ལ་མི་ཆོག །

དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། འདུས་པའི་གཉེན་གྲོགས་ཚོང་དུས་མགྲོན་པོ།།ཞེས་གསུངས་པ་བཞིན་སོ་སོའི་ཕ་མ་དང་སྤུན་མཆེད་ལྷན་དུ་འཛོམས་པ་ནི་གོང་སྨོས་ནང་བཞིན་ཤིན་ཏུ་དཀོན་པོར་ཆགས་ཀྱིན་ཡོད་ཅིང་། ལྷན་ཅིག་ཏུ་འཛོམས་པ་དེའང་ཡུད་ཙམ་སྟེ། ཉིན་འགའི་རྗེས་སུ་རང་རང་གི་ས་རུ་ཚོང་དུས་ཀྱི་མགྲོན་པོ་ནང་བཞིན་གྱེས་དགོས་པས་ལྷན་འཛོམས་ཀྱི་དུས་ཐུང་འདི་ཅིས་ཀྱང་དམ་འཛིན་གནང་འོས་སྙམ།

སྐབས་དེར་རང་གི་ཕ་མ་དང་སྤུན་སྲིང་སོགས་ཀྱི་གཙོས་སོ་སོ་ལ་ཤ་ཚ་སྙིང་ཉེ་བའི་ཁྱིམ་མི་གཉེན་གྲོགས་ཚོར་ནང་སེམས་མཚོན་པའི་ཁ་བརྡ་ལབ་པ་དང་། རྩེད་མོ་རྩེ་བ། དགོད་གཏམ་མོལ་བ་སོགས་ཅི་དགའ་ཅི་སྐྱིད་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས་ཏེ། འཇུ་མི་ཕམ་པའི་ཞལ་གདམས་ཤིག་ལས་ཀྱང་། བཟའ་ཚང་མི་རྣམས་སྐྱིད་སྡུག་མཉམ་ཁུར་ཡིན།།བློ་སེམས་མཐུན་ན་རང་བདེ་རོགས་ཀྱང་སྐྱིད། །ཁ་འཐབ་མང་ན་རང་སྡུག་རོགས་ཀྱང་སྡུག།ཡུད་ཙམ་འདུས་ཚེ་ཅི་དགའ་ཅི་སྐྱིད་བྱ། །ཞེས་གསུངས་པ་ནང་བཞིན་རེད།

དེང་སྐབས་མང་པོ་ཞིག་གིས་ལོ་སར་དུས་སྐབས་སུ་སོ་སོའི་མདུན་ན་ཡོད་པའི་ཁྱིམ་མི་དང་གཉེན་ཉེ་ཚོར་ཁམས་འདྲི་ཡག་པོ་ཞིག་ཀྱང་ཞུ་ལོང་མེད་པར། སྐད་འཕྲིན་དང་པོད་ཕྲན་སོགས་ཀྱི་འཕྲིན་ལམ་བརྒྱུད་ནས་ངོ་ཤེས་མི་ཤེས་ཀུན་ལ་ལོ་སར་འཚམས་འདྲི་ཞུ་ཁུལ་གྱིས་དུས་འདའ་བ་དང་། འགའ་རེས་ལག་འཕྲིན་ཁ་པར་རྐྱང་རྐྱང་ལ་ཅེར་ནས་དེའི་ཁྲོད་ཀྱི་རོལ་རྩེད་སྣ་ཚོགས་ལ་མགོ་འཁོར་བ། བརྙན་འདྲ་མིན་ལ་སེམས་གཡེང་ནས་ཁྱིམ་གྱི་ཁ་བརྡ་དང་དགོད་སྒྲ་ཆད། ཐ་ན་མགྲོན་པོར་ཇ་བླུག་རྒྱུ་ཡང་བརྗེད་དེ་འགྲོ་བའི་སྣང་ཚུལ་ཚབས་ཆེན་མཐོང་ཐོས་མང་ཙམ་འདུག།སྤྱིར་བརྡ་འཕྲིན་གྱི་དུས་རབས་འདིར་མི་རེའི་ལག་ཏུ་ཁ་པར་རེ་བསྣམས་ནས་ཡོད་སྟབས་ཁ་པར་ཁྱོན་ནས་མི་སྤྱོད་པ་ཁག་པོར་ཆགས་ཡོད་ཀྱང་། ལོ་སར་དུས་སྟོན་ལྟ་བུའི་ཁྱིམ་མི་ལྷན་འཛོམས་ཀྱི་སྐབས་སུ་ཉུང་བཀོལ་ཉུང་སྤྱོད་གནང་རྒྱུ་ནི་སོ་སོའི་ཁྱིམ་མིའི་བདེ་སྐྱིད་དང་དྲོད་ཁོལ་ལ་འགན་ཁུར་བའི་ཡ་རབས་ཀྱི་སྤྱོད་སྟངས་ཤིག་ཏུ་ངོས་འཛིན་ཆོག་ཆོག་ཡིན།

༤ བདེ་ཐང་གི་ཟས་སྤྱོད་བསྟེན་ནས་བདེ་ཐང་གི་ལོ་སར་བསུ་དགོས།

ང་ཚོའི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་སོ་སོར་དཔལ་འབྱོར་ཡོད་མེད་དང་ཡོང་འབབ་མཐོ་དམན་ལ་མ་ལྟོས་པར་ལོ་སར་དུས་སྟོན་སྐབས་དངུལ་ལོ་མང་ཙམ་བཏང་ནས་བཟའ་བཏུང་གི་རིགས་ཧ་ཅང་འབོར་ཆེན་ཞིག་ཉོ་བཞིན་ཡོད་མོད། མང་ཤོས་ཀྱིས་རྫས་འགྱུར་སྣ་ཚོགས་ཀྱིས་བསླད་པའི་བཏུང་རིགས་འདྲ་མིན་དང་། བཟའ་རིགས་སྣ་ཚོགས་ཤིག་ཉོས་ནས་ཁྱིམ་གྱི་ཕྱི་ནང་བར་གསུམ་ཁྲ་ཉོག་གེ་བ་ཞིག་ཏུ་བཏང་ནས་བློ་བདེ་བོ་བྱས་ཏེ་ལོ་སར་ལ་རོལ་བཞིན་ཡོད། འོན་ཀྱང་དེ་ནི་འཕྲལ་གྱི་ཁེ་ཕན་ལ་དམིགས་ནས་ཕུགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་རྨ་ཁ་བཟོ་བཞིན་ཡོད་པས། ཅིས་ཀྱང་ཡིད་གཟབ་གནང་དགོས་ཚོད་གདའ། དེ་འདྲའི་རྫས་འགྱུར་གྱིས་བསླད་པའི་བཟའ་བཏུང་གི་རིགས་མང་པོ་ཞིག་སོ་སོའི་ཁྱིམ་མི་ཚོས་བག་མེད་དུ་སྤྱད་ནས་ལོ་སར་གྲོལ་རྗེས་སྨན་ཁང་དུ་འགྲོ་དགོས་བྱུང་བའི་སྣང་ཚུལ་ཡང་གྲངས་མང་མཐོང་ཐོས་འདུག །

དེ་བས་ལོ་སར་སྐབས་ཀྱི་བཟའ་བཏུང་གི་རིགས་ཀྱང་སོ་སོའི་བདེ་ཐང་ལ་གནོད་ཚབས་མེད་པའི་རིགས་རྣམས་ཅི་ཐུབ་ཀྱིས་སྤྱོད་པ་ཧ་ཅང་གལ་ཆེན་པོར་ཆགས་ཡོད། དཔེར་ན་བོད་རང་གི་ཐུན་མིན་གྱི་ཟས་མཆོག རྩམ་པ། དཀར་གསུམ། ཐུད། གྲོ་ཞུན། གྲོ་མ། གྲོ་རྗེན་སོགས་ཀྱིས་མཚོན་ནད་མེད་དུག་མེད་ཀྱི་ཁ་ཟས་འཚོ་བཅུད་ལྡན་ཞིང་བདེ་ཐང་ལ་སྨན་པའི་རིགས་དེ་ཚོ་བཀོལ་ཤེས་གནང་རྒྱུ་གལ་ཆེན་པོར་ཆགས་ཡོད། ལྷག་པར་ཆང་དང་དུ་བ་སྤྱོད་མཁན་ཞིག་ཡིན་ཕྱིན། དེ་ལས་ཀྱང་ཡིད་གཟབ་གནང་དགོས་ཏེ། ཆང་བཏུང་རྒྱུ་ཐལ་དྲགས་ནས་ཁྱིམ་མི་ལྷན་འཛོམས་ཀྱི་བདེ་སྐྱིད་བརླགས་པ་དང་། སོ་སོའི་བུ་ཕྲུག་ཚོར་མིག་ལྟོས་བཙོག་པ་དང་བག་ཆགས་ངན་པ་འཇོག་པའི་ཤུགས་རྐྱེན་དུའང་འགྲོ་ངེས། དུ་བ་འཐེན་གྲངས་ཚད་ལས་བརྒལ་ཏེ་གློ་རྩ་འགགས་ནས་ལྔ་ལམ་དུ་བསྙེགས་པའང་མི་སྲིད་པ་མིན་པས་དེ་ལྟའི་ཟས་སྤྱོད་ཀྱི་རིགས་ལ་ཅིས་ཀྱང་ཡིད་འཇོག་གནང་དགོས་པའི་གནད་དོན་ཞིག་ཏུ་ཆགས་ཡོད།

༥ ཆོས་དང་རིགས་གཞུང་གི་ངད་མ་ཡལ་བའི་ལོ་སར་བསུ་བ།

གཞན་ཡང་ང་ཚོ་མཆོག་གསུམ་ལ་དད་པ་བརྟན་ཅིང་ལས་འབྲས་ལ་ཡིད་རྟོན་གནང་བའི་བྱམས་ལྡན་བོད་མི་ཞིག་ཡིན་ཕྱིན། ལོ་སར་དུས་སྟོན་གྱི་སྐབས་སུ་ཆེས་ཐོག་མར་སྤྱིར་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན། སྐྱེ་རྒུ་རྣམས་འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པའི་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་ཏེ་མཆོག་གསུམ་ལ་གསོལ་མཆོད་སྔོན་དུ་གཏོང་བ་དང་། སོ་སོའི་ཁྱིམ་ནས་བཞུད་ཟིན་པའི་འདས་པོ་ཚོའི་ཆེད་དུ་ཚེ་ཐར་དང་སྲོག་བླུ་བྱེད་པ། མར་མེ་འབུལ་བ་དང་ཆུ་མཆོད་བཤམ་པ་སོགས་དགེ་ལས་ཀྱི་ཞག་རྩི་དང་མ་བྲལ་བ་ཞིག་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་འདོད།

ང་ཚོ་བོད་པ་ཚོར་བཤད་སྲོལ་ཞིག་ལ། བོད་རྟེན་འབྲེལ་ལ་དབང་བ་ཡིན་ཞེས་པ་ནང་བཞིན། སོ་སོའི་ངོས་ནས་ཀྱང་ལོ་གཅིག་གི་ཆོས་དང་འཇིག་རྟེན་གྱི་བྱ་གཞག་ཡོད་ཚད་ཀྱི་དབུ་བརྩམས་པ་ཡིན་པས་ཐོག་མར་བཀྲ་ཤིས་ཤིང་དགེ་བ་ཞིག་ཡོང་བར་སྨོན་ལམ་དང་སྐྱབས་འཇུག་གནང་ཐུབ་པ་ཡིན་ན་དེར་ལྟོས་ཀྱི་ཕན་པ་ངེས་ཅན་ཞིག་ཡོད་སྲིད་པ་རེད།

མདོར་ན་ང་ཚོའི་བོད་ཀྱི་ལོ་སར་འདི་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པ། དད་མོས་བསམ་སྤྱོད་དང་མཐུན་པ། ཆོས་དང་རིགས་གཞུང་གི་ངད་མ་ཡལ་བ་ཞིག་གི་ངོས་ནས་མྱོང་རོལ་གནང་རྒྱུ་དང་། མུ་ནས་མུར་ཇེ་རྒྱས་དང་ཇེ་ལེགས་ཕྱོགས་སུ་མདུན་བསྐྱོད་གནང་རྒྱུ་དེ་མི་རིགས་རང་གིས་རང་སྐྱོབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་རྟོགས་པ་ཅིས་ཀྱང་སད་འོས་སྙམ།

༦ མི་རིགས་ཤིག་གི་རིག་གནས་ཉམས་རྒུད་ཀྱི་འཇིག་ཉེན་ནི་རྒྱ་ཆུང་ས་དང་ཉག་ཕྲ་ས་ཞིག་ནས་མངོན་འོང་།

མ་གཞི་མི་རིགས་ཤིག་དང་རིག་གནས་ཤིག་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས། ཐོག་མ་ཉིད་ནས་མི་རིགས་དེའི་རྫོང་མཐུག་ས་ཞིག་དང་། རིག་གནས་དེའི་གཏིང་ཟབ་ས་ཞིག་ནས་ཉམས་རྒུད་དུ་འཆོར་མི་འགྲོ་བར། མི་རིགས་དེ་དང་དེའི་ཉག་ཕྲ་ས་ཞིག་དང་རིག་གནས་དེ་དང་དེའི་སྣང་ཚུལ་འདི་དང་འདི་ལྟ་བུའི་ཆུང་ས་ཞིག་ནས་བརྩམས་ཏེ་ཉམས་ཉེས་ཀྱི་སྣང་ཚུལ་མི་མངོན་པ་ནས་ཅུང་ཟད་མངོན་པ། ཅུང་ཟད་མངོན་པ་ནས་ཚབས་ཆེན་མངོན་པ། ཚབས་ཆེན་མངོན་པ་ནས་ཤུལ་མེད་དུ་འགྲོ་བ་སོགས་ཀྱི་གནས་སྟངས་བྱུང་གིན་ཡོད་པ་རེད།

དེ་བཞིན་དུ་མི་རིགས་ཤིག་གི་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་གོ་རིམ་ལ་གཞིགས་ན་ཡང་། ཐོག་མར་མི་རིགས་དེའི་སྐད་ཡིག་གི་ཐ་སྙད་གཅིག་བེད་སྤྱོད་གཏོང་མཁན་མེད་པ་ནས་དབུ་བརྩམས་ཏེ་རིམ་གྱིས་མི་རིགས་དེའི་སྐད་ཡིག་གཅིག་ཀྱང་བཀོལ་སྤྱོད་ཀྱིས་སྟོང་པར་ཆགས་ཀྱིན་ཡོད་པ་ལྟ་བུ་རེད། དེས་ན་བོད་ཀྱི་ལོ་སར་གྱིས་མཚོན་པའི་ས་གནས་རང་གི་ཡུལ་སྲོལ་སྐད་ཡིག་སོགས་རིག་གནས་མང་དག་ཅིག་འདི་ལྟར་འཆི་ལ་ཉེ་བའི་འཇིག་ཉེན་འགོག་སྲུང་གི་ཆེད་དུ་ང་ཚོས་ཅིས་ཀྱང་བསམ་གཞིག་གནང་འོས་སྙམ།།



  • ལེ་ཚན་སྔོན་མ།:ལོ་སར་གྱི་ལུགས་སྲོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།