ལོ་སར་སྐབས་མ་ཤེས་ཐབས་མེད།

རྨེ་གྲྭ་ཚེ་རིང་བསམ་འགྲུབ།        2016-02-29

ལོ་སར་སྐབས་མ་ཤེས་ཐབས་མེད།

བོད་ཡུལ་འདིར་ལོ་གསར་གཏོང་སྲོལ་དར་བ།
ཡོངས་གྲགས་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ལྷག་ཙམ་གྱི་ཡར་སྔོན་ཏེ། རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཟླ་བའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་སོགས་ལ་བརྟེན་ནས་ལོ་འཁོར་རེའི་མཚམས་སུ་བསླེབས་པ་སྟེ་ལྷོ་ཁའི་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་འཁྲུངས་པ་དང་མཉམ་དུ། དཔྱིད་ཀྱི་དུས་བསླེབས་བྱུང་ཞེས་མི་ཚང་མས་དགའ་དགའ་སྤྲོ་སྤྲོ་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ད་ལྟའི་ལོ་སར་བྱ་སྲོལ་གྱི་ཐོག་མ་ཡིན།
ལོ་གཅིག་གི་དཔྱིད་དུས་ནི་མི་རྣམས་ཀྱི་སེམས་སུ་ནམ་ཡང་རེ་སྒུག་བྱེད་པའི་དུས་ཚིགས་ཁྱད་པར་བ་ཞིག་ཏེ། སྐབས་དེའི་མི་རྣམས་ཀྱི་འཚོ་བ་ཞན་པ། བཟའ་བཏུང་ཉུང་བ་སོགས་ལས་ལོ་ཏོག་དང་འབྲས་བུ་སྨིན་པར་ཧ་ཅང་རེ་སྒུག་ཆེ། དེའི་ཕྱིར་དབྱར་གྱི་དུས་སླེབ་པ་ན་མི་རྣམས་ལ་དྲོད་འཇམ་གྱི་ལང་ཚོ་སྟེར་བར་མ་ཟད་འབྲུ་རིགས་དང་ལོ་ཏོག་སྣ་ཚོགས་ཀྱི་མིའི་འཚོ་བ་ལ་སྤྲོ་སྐྱིད་གསར་བ་ཞིག་སྟེར་བཞིན་ཡོད་པས་དཔྱིད་དང་དབྱར་གྱི་དུས་ཚིགས་འདི་ལ་མི་རྣམས་ཀྱིས་ཧ་ཅང་དགའ་བསུ་བྱེད།
གནའ་སྔ་མོའི་དུས་ནས་ལོ་སར་གཏོང་སྲོལ།
དེར་བརྟེན་དེའི་སྐབས་བོན་ཆོས་ཀྱི་ལུགས་ལྟར་ཡབ་མེས་ཀྱི་དུར་ས་གསོལ་བ་དང་། ཕོ་ལྷ་མོ་ལྷ། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་སོགས་གསོལ་བ། དར་ལྕོག་འཛུགས་པ། ལྷ་མཆོད་ཀླུ་མཆོད་བྱེད་པ་དང་། རིམ་བཞིན་ཁྱིམ་ཚང་སོ་སོའི་ར་ལུག་སོགས་ཀྱི་ཤ་བུབས་སྒྲིག་པ་སོགས་གསོལ་ཟས་སྣ་ཚོགས་ལ་རོལ་བའི་སྲོལ་དར། དེ་ནས་ལོ་གསར་བ་ཞེས་དུས་ཚིགས་དེ་ཡུལ་སྲོལ་ཞིག་ཏུ་ཆགས་ནས་དར་ཁྱབ་ཏུ་གྱུར། འདི་ཡན་གྱི་ལོ་སར་ཚེས་གྲངས་ལ་གཏན་འཁེལ་མ་བྱུང་།
ལོ་སར་དུས་བཅད་ལྟར་རོལ་བ།
རིམ་བཞིན་དཔྱིད་ཀྱི་དགའ་སྟོན་དེ་ནི་དུས་སྟོན་ཁྱད་པར་བ་ཞིག་ཏུ་གྱུར། བོད་མིའི་ཁ་དཔེ་ལ། ཚེས་གཅིག་བླ་མའི་ལོ་སར་དང་། ཚེས་གཉིས་རྒྱལ་པོའི་ལོ་སར་ཡིན། ཚེས་གསུམ་གཟའ་ཚང་ལོ་སར་དང་། ཚེས་བཞིར་ཡུལ་སྡེའི་ལོ་སར་ཡིན། ཞེས་ཕལ་ཆེར་ཉིན་བཞི་ལྔ་ཙམ་ལ་ལོ་གསར་བར་སྤྲོ་སྐྱིད་གཏོང་སྲོལ་ཡོད་པ་ཡིན།
དེང་རབས་ལོ་སར་གཏོང་སྲོལ།
དེ་རྗེས་རིག་གནས་དར་བའི་འགྲོས་དང་བསྟུན་ནས་ལོ་སར་གྱི་དུས་ཚེས་ལ་ངོས་འཛིན་བྱུང་སྟེ་འབྱུང་རྩིས་ཀྱི་གཙུག་ལག་ནས་བྱུང་བའི་དཔྱིད་ཟླ་ར་བའི་ཚེས་གཅིག་ལ་ལོ་མགོ་འཛིན་པའི་ལུགས་དེ་ལྟར་དུ་གཏན་ཁེལ་བྱུང་། དེ་རྗེས་བོད་རྗེ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོས་རྒྱ་རྩིས་རྙིང་མའི་ལུགས་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་མགོ་འཛིན་པའི་ལུགས་ཀྱང་བྱུང་། སྤྱི་ལོ༡༢༢༧ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་དགའ་སྟོན་བྱས་པའི་ཉིན་དེ་བོད་ཟླ་དང་པོའི་ཚེས་གཅིག་དང་མཐུན་ཡོད་པ་དང་། ད་དུང་སོག་རྒྱལ་གྱིས་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆེས་མཐོའི་འགན་དབང་ཡོངས་རྫོགས་ས་སྐྱའི་འགྲོ་མགོན་འཕགས་པར་ཕུལ་ནས་མི་རིགས་བར་གྱི་ཆབ་དཔལ་རིག་གསུམ་གྱི་འབྲེལ་བ་དམ་ཟབ་འོང་ཆེད་དུ་བོད་ཟླ་དང་པོ་དང་ཧོར་ཟླ་དང་པོ་གཞི་གཅིག་ཏུ་མཐུན་སྦྲེལ་བྱས་ཏེ་བོད་ཟླ་དང་པོ་ལ་ཧོར་ཟླ་དང་པོ་ཞེས་མིང་བསྒྱུར་ནས་བོད་ཁྲི་སྐོར་བཅུ་གསུམ་གྱིས་ལོ་སར་མཉམ་གཅིག་ཏུ་བོད་ཟླ་དང་པོའི་ཚེས་གཅིག་ལ་གཏོང་བའི་སྲོལ་དེ་སྤྱི་ཁྱབ་ཅིག་ཏུ་ཆགས་སོང་།
དུས་དེ་རིང་གི་ང་ཚོའི་ལོ་སར།
བོད་ཀྱི་ལོ་སར་ནི་བོད་ནང་གི་ཆེས་དུས་སྟོན་རྒྱས་ཤོས་དང་འཛམ་གླིང་སྟེང་ནས་ལོ་སར་དུས་སྟོན་གྱི་ལུགས་སྲོལ་ཆེས་སྔ་ཤོས་ཤིག་ཀྱང་ཡིན། ཡིན་ནའང་རྗེས་སུ་ཡུལ་གྲུ་སོ་སོའི་གནམ་གཤིས་དང་གོམས་སྲོལ་མི་འདྲ་བའི་དབང་གིས་ལོ་སར་གྱི་དུས་ཚིགས་ལའང་མི་འདྲ་བ་མང་དུ་བྱུང་བ་དང་། རང་རང་གི་ས་ཆའི་ཡུལ་སྲོལ་དང་དགའ་ཕྱོགས་ལྟར་ལོ་སར་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་དམངས་ཁྲོད་དུ་དར་ནས་བྱུང་།
རིམ་བཞིན་དེང་སྐབས་སུ་ཕྱིན་པ་ན་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་ལོ་སར་གྱི་དུས་སྟོན་ནི་འཛམ་གླིང་གཅིག་གྱུར་གྱི་གཙོ་རྒྱུག་གི་ཡུལ་སྲོལ་ཞིག་ཏུ་ཆགས་ནས་ཡོད་པར་མ་ཟད་མང་ཆེ་བས་ཟླ་དང་པོའི་ཚེས་གཅིག་ནས་ལོ་སར་དགའ་སྟོན་ལ་རོལ་བ་ཡིན། ལྷག་ཏུ་སྐད་ཡིག་དང་རིག་གནས་གཅིག་གྱུར་དུ་ཡོད་པའི་མི་རིགས་རང་རྐང་ཅན་ཞིག་ཡིན་པ་ནས་བཟུང་ལོ་སར་དུས་སྟོན་ནི་ངེས་པར་གཅིག་གྱུར་གྱི་དུས་ཚིགས་ཤིག་ཡིན་དགོས།
ལོ་སར་གྱི་ཡུལ་སྲོལ་མི་འདྲ་བ།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་བཟུང་། ལོ་མ་སར་བའི་ཡར་སྔོན་ནས་སྡོད་ཁང་དང་ར་སྐོར་ལ་ཚོན་རྩི་གསར་བ་གཏོང་བ། ཁོར་ཡུག་ཕྱི་ནང་ལ་ཕྱག་བདར་རྒྱག་པ། གྱོན་གོས་གསར་བ་བཟོ་བ། ཁ་ཟས་གསོལ་སྟོན་གྱི་རིགས་སྣ་ཚོགས་བཟོ་བ་སོགས་ནི་ལོ་སར་གྱི་སྔོན་འགྲོའི་གྲ་སྒྲིག་གི་རིམ་པ་ཡིན།བོད་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན། གཞིས་ཁྱིམ་གྱི་ཕྱི་ནང་བར་གསུམ་གད་དར་ལེགས་པོ་བྱས་ཤིང་། ནང་མི་སོ་སོས་ལུས་ལ་ཁྲུས་དང་གཙང་སྦྲ་ལེགས་པོ་དང་གྱོན་གོས་དང་འཚོ་བའི་ཡོ་ཆས་སོགས་ལ་གཙང་སྦྲ་བྱས། དགོན་པ་སོ་སོས་དགུ་གཏོར་དང་དགུ་འཆམ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་ལོ་རྙིང་བའི་བཀྲ་མི་ཤིས་པ་དང་བར་ཆད་རྣམས་མཚམས་གཅོད་པའི་ཐབས་སོགས་བྱེད་བཞིན་ཡོད། དགོང་མོར་ནང་མི་ལྷན་འཛོམས་ཆེད་དུ་དགུ་ཐུག་ཅེས་གྲོ་འབྲས་སྲན་མ་སོགས་ཟས་སྣ་བྲོ་རྫས་དགུ་འདུས་ཀྱི་ཐུག་པ་མཉམ་དུ་གསོལ་བ། མཇུག་ཏུ་ཐུག་ལྷག་མེད་པར་བཟོས་ནས་ལོ་མཇུག་གི་ཟས་རྙིང་འཕྲོ་གཅོད་དང་ལོ་གསར་བའི་ཁ་ཟས་གསར་བ་ལ་རོལ་བའི་རྟེན་འབྲེལ་སྒྲིག་བཞིན་ཡོད་པ་ཡིན།བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་སྟེ་གནམ་གང་ཉིན། མཆོད་ཁང་སོགས་རྟེན་གསུམ་གྱི་དྲུང་དུ་དཀར་གསུམ་དམར་གསུམ་སོགས་མཆོད་རྫས་སྣ་ཚོགས་བཤམས་སྟེ་ཀུན་བཟང་མཆོད་སྤྲིན་དང༌་། དེ་བཞིན་དུ་སྡོད་ཤག་སོ་སོར་གདན་ཆ་རྒྱག་པ། ཐབ་ཚང་སོགས་སུ་ཤ་མར་ཐུད་གསུམ་སོགས་ཀྱི་སྡེར་ཁ་སྟབས་བདེ་རེ་སྒྲིག་པའི་སྲོལ་ཡང་ཡོད་པ་ཡིན། རྩིག་ངོས་སོགས་སུ་དཀར་རྩི་ཡིས་བཀྲ་ཤིས་རྟགས་བརྒྱད་དང་འདོད་ཡོན་སྣ་ལྔ་སོགས་ཀྱི་རི་མོ་སྣ་ཚོགས་འབྲི།བོད་ཟླ་དང་པོའི་ཚེས་གཅིག་ཉིན། ཞོགས་པ་སྔ་བར་ལངས་ཏེ་ཁྲུས་དང་གཙང་སྦྲ་བྱས་ཤིང་རྒྱན་གོས་སོགས་ཡིད་དུ་འོང་བ་ཞིག་སྤྲས་རྗེས། ལོ་གསར་བའི་དྭངས་གཙང་གི་འཚོ་བ་མཚོན་པའི་རྟེན་འབྲེལ་དུ་ཆུ་ཕུད་ལེན་པ། ལྷ་བསང་དང་ཐབ་བསང་སོགས་གཏོང་བ། གསོལ་སྟོན་གྱ་ནོམ་པོའི་སྡེར་ཁ་སྒྲིག་པ། རྟེན་འབྲེལ་དུ་ཟས་ཀྱི་ཐོག་མ་སྦྲང་དཀར་རྩམ་པ་དང་འབྲས་དཀར་བཟའ་བཏུང་གིས་ཚིམ་པར་བྱེད་པ། ཕ་མས་གཙོས་ནང་མི་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་དེ་ཕྱེ་མར་དང༌་ཆང་གི་ཕུད་མཆོད་དང་རང་གིས་དལ་བཞེས་གནང་བ་བཅས་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྒོ་མོ་ཕྱེས་ནས་ལོ་སར་དགའ་སྟོན་ལ་རོལ་དགོས།དེ་མཚུངས་སུ་མཐུན་པའི་གཉེན་དང༌། དགའ་བའི་གྲོགས་སོགས་སྐུ་མགྲོན་རྣམས་ཕེབས་བསུ་དང་གསོལ་སྟོན། ལེགས་སྐྱེས་འབུལ་བ་སོགས་ཚེས་གཅིག་ནས་གསུམ་མམ་བདུན་གྱི་བར་དང་། ས་གནས་མི་འདྲ་བས་ཚེས་བཅོ་ལྔའི་བར་དུ་སྤྲོ་སྐྱིད་གཏོང་སྲོལ་ཡང་ཡོད་པ་ཡིན་ནོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་སར།
  • ལེ་ཚན་རྗེས་མ།:བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར།