མི་ཉག་མགར་ཐར་དང་རྟ་མཆོག་འགྲན་རྩལ།

བཀྲ་ཤིས་ཆོས་ལྡན།        2016-08-12

དེ་ཡང་མདོ་ཁམས་མི་ཉག་ར་བ་སྒང་གི་ཆར་གཏོགས་པ་མགར་ཐར་བྱམས་པ་གླིང་ཞེས་སྙན་པའི་གྲགས་པ་གོ་ལ་ཡངས་པོར་འཕུར་ཞིང་སུམ་རྩེན་ལྷ་ཡི་ཡུལ་གྱི་དཔལ་ལ་སྙེགས་པའི་གནས་མཆོག་འདིར།  ཤེལ་གྱི་ཀ་བ་ཨ་སྔོན་གནམ་ལ་གཙུགས་པ་ལྟ་བུའི་གངས་དཀར་བཞག་བྲ་ལྷ་རྩེ་དང་མ་ཁ་དཀར་སོགས་གངས་རི་མང་པོ་མུ་ཏིག་གི་ཕྲེང་བ་ལྟར་མཐའ་ནས་བརྒྱུས་ཤིང་།   མཐོ་ལ་བརྗིད་ཆགས་པའི་རྫོང་རྒོད་དགྲ་ལྷའི་རྒྱལ་པོ་དང་ལྕང་མ་དུང་ཕྲེང་སྙིང་པོ་སོགས་རྫ་རི་མང་པོས་བར་ནས་བརྒྱན།   གཡུ་ཡི་མཆོད་རྟེན་བཞེངས་པ་དང་གཉིས་སུ་མེད་པའི་ལུག་འབྲོག་གསེར་གྱི་བྱ་ཁྱུང་དང་མི་འགྱུར་ཀླུ་ཡི་རྒྱལ་མོ་སོགས་སྤང་རི་སྣ་ཚོགས་ཀྱིས་དབུས་ནས་བརྒྱན་པ། 
  དེའི་དཀྱིལ་དུ་སྔོ་བསངས་མ་ས་ལ་ལྷུང་པ་ལྟ་བུའི་ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་གྱི་དཀྱིལ་ན་འཚོ་བའི་འཕེལ་ཁ་དབྱར་གྱི་ཆུ་བོ་ལྟར་བདོ་བའི་གྲོང་འབྲོག་མང་ཚོགས་རྣམས་ངལ་རྩོལ་གྱི་ལས་ལ་བྲེལ་སྟེ།   ལྷས་ར་དང་ར་སྐོར་ཡོད་ཚད་རྟ་ནོར་ལུག་གསུམ་གྱིས་བྱུར་བུར་གཏམས་པ།   འོ་ཞོ་མར་གསུམ་གྱི་འཕེལ་ཁ་མཚོ་མོའི་རླབས་ལྟར་སྐྱོམ་པ། སྣོད་དང་བང་མཛོད་ཐམས་ཅད་འབྲུ་རིགས་སྣ་ཚོགས་ཀྱིས་ཡོངས་སུ་གང་སྟེ་འཇིག་རྟེན་ཆེན་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་ཐམས་ཅད་འཚོ་བའི་རྒྱན་དུ་གྲུབ་པ། 
བལྟས་ན་མཐའ་མི་མཐོང་བའི་རྒྱ་རྫོང་གི་ནགས་ཚལ་སྟུག་པོའི་ཁྲོད་ཏུ་གཅན་གཟན་དང་རི་དྭགས་སྣ་ཚོགས་རྩེད་འཇོ་ལ་རོལ་བ།  སྙན་འཇེབས་ལྡན་པའི་ཁུ་བྱུག་དང་འཇོལ་མོ་སོགས་ཀྱིས་དབྱངས་སྙན་ཅིག་ཅར་དུ་སྒྲོག་པ།   སྨན་ཆུ་སྔོན་མོ་དང་མགར་ནང་ཆུ་བོ་སོགས་ཡན་ལག་བརྒྱད་དང་ལྡན་པའི་དྭངས་བསིལ་གྱི་ཆུ་བོ་དང་ཆུ་ཕྲན་མང་པོ་སྒང་གཞུང་ཀུན་ནས་ལྷུང་ལྷུང་དུ་བཞུར་བ།  བཞག་བྲག་གཡུ་མཚོ་དང་ཡ་རུ་མའི་མཚོ།  དུལ་བའི་གཡུ་མཚོ་སོགས་རྒྱ་ཆེ་ལ་གཏིང་ཟབ་པའི་མཚོ་མོ་མང་པོ་ལྟེམ་མེར་འཁྱིལ་བ།  ཨ་མ་ལགས་ཚ་ཆུ་དང་མཁན་པོ་ཚ་ཆུ་སོགས་རང་བྱུང་གི་ཆུ་ཚན་སྣ་ཚོགས་ཡུལ་འདིའི་སྐྱེ་འགྲོ་དག་ལ་གསོས་སྨན་དུ་གྲུབ་པ། དེ་ལྟ་བུའི་རི་ཆུ་སྣ་ཚོགས་ཀྱིས་མཐའ་ནས་བསྐོར་བའི་ཡུལ་འདིར་འབྲུ་དྲུག་སྙེ་མའི་འགོ་ལྕོག་ལྡེམ་ལྡེམ་གྱིས་གཡོ་བའི་ཐང་ཆེན་གྱི་དཀྱིལ་དུ་རང་བྱུང་པད་མའི་བཀོད་པ་ས་ལ་དོད་པའི་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་གདན་ས་མགར་ཐར་བྱམས་པ་གླིང་དང་། རང་བྱུང་མ་ཎིའི་ཡིག་དཀར་རྡོ་ནག་གི་ངོས་སུ་འབུར་བའི་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་འཁྲུངས་ཡུལ་གཟིམ་ཆུང་བདེ་ལྡན་གླིང་སོགས་མཆོད་པའི་རྟེན་གནས་དུ་མ་དད་པའི་ཕྱག་གི་ཡུལ་དུ་མཛེས་པའོ།།
ལྷག་པར་དུ། དཔལ་ན་ལེན་ཏྲའི་མཁན་པོ་སྟེ་ལོ་ཙཱ་བ་ཆེན་པོ་རྩ་མི་སངས་རྒྱས་གྲགས་དང་གཡུང་དྲུང་བོན་གྱི་མཁས་དབང་དམ་པ་རང་གྲོལ།  ལོ་ཙཱ་བ་ལྗང་དབུ་དཀར།  བཙན་མོ་རི་ཡོང་བཟའ་དང་དགའ་ལྡན་ཁྲི་པ་རྡོ་རྗེ་བཟང་པོ།རྒྱལ་དབང་མཁས་གྲུབ་རྒྱ་མཚོ་དང་སྐྱབས་རྗེ་སྐལ་བཟང་ཡོན་ཏན། སྐུ་བཅར་མཁན་པོ་དང་གཡང་སྒོ་སྤྲུལ་སྐུ། ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་ཉན་ཤུལ་མཁས་དབང་རིམ་བྱོན་སོགས་སྙན་གྲགས་འབྲུག་བཞིན་ལྡིར་བའི་མཁས་པ་དང་གྲུབ་པ་དུ་མའི་ལང་ཚོའི་འདབ་མ་རྒྱས་ཡུལ་ཡང་གནས་མཆོག་འདི་ཉིད་ཡིན་པར་མ་ཟད། མགར་སྟོང་བཙན་དང་གོང་མའི་ལྷ་སྲས། ལོ་ཆེན་བཻ་རོ་ཙཱ་ན་དང་རྒྱལ་དབང་སྐལ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཁྲི་ཆེན་ངག་དབང་མཆོག་ལྡན། རྫ་དཔལ་སྤྲུལ་རིན་པོ་ཆེ་དང་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་དང་པཎ་ཆེན་སྐུ་ཕྲེང་བཅུ་པ། རྒྱལ་ཁམས་པ་ཆོས་ཀྱི་རྒྱ་མཚོ་དང་དགེ་བཤེས་བློ་བཟང་དོན་འགྲུབ་སོགས་སྐྱེ་ཆེན་དུ་མས་ཞབས་ཀྱིས་བཅགས་མྱོང་སའི་གནས་བྱིན་རླབས་ཅན་གྱི་ཡུལ་འདི་ནི། བོད་ཀྱི་ཐུན་མིན་གྱི་སྲོལ་རྒྱུན་གྱིས་རབ་ཏུ་ཕྱུག་པའི་ཡུལ་སྡེ་ཁྱད་པ་བ་ཞིག་ཡིན་སྟེ། འཇིག་རྟེན་པའི་འདོད་རྒུའི་དངོས་པོ་ཡོངས་རྫོགས་འཛོམས་པའི་གནས་འདིར་དམངས་གླུ་དང་ཞབས་བྲོ། གེ་སར་སྒྲུང་དང་འབྲས་དཀར། གནའ་བྲོ་དང་གར་འཆམ། ཨ་ཅེ་ལྷ་མོ་དང་རོགས་གླུ། གླུ་ཤགས་དང་རྣམ་ཐར་སོགས་སྒྱུ་རྩལ་གྱི་རྩེད་རིགས་ཕུལ་བྱུང་མང་དུ་འཁྲབ་རྒྱུ་ཡོད་པར་མ་ཟད།  ད་ཐེངས་ཀྱང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བའི་དུས་བཟང་དང་བསྟུན། མགར་ཐར་དབྱར་ཆོས་ཆེན་མོ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་ས་ཆེན་པའི་སྒང་ལ་འཕུར་བའི་སྲོལ་རྒྱུན་གྱི་ལྷ་འཁྱམ་ཆེན་མོ་ཉིན་དུ་མའི་རིང་ཟབ་རྒྱས་ངང་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤེལ་བ་དང་། སྡེ་མི་ཡོངས་ཀྱིས་ཁ་ལས་རླུང་རྟ་དར་ཞིང་དཔལ་འབྱོར་སྙན་གྲགས་རྒྱས་པའི་ཐབས་སུ་དམིགས་ནས། ཀི་བསྭོ་དང་སྨོན་འདུན། བཀྲ་ཤིས་དང་ཁ་གཡང་སྟོང་གིས་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་དག་གི་ཐུགས་དམ་བསྐང་བར་བྱས། གདོད་མའི་དུས་ནས་རིམ་གྱིས་དབུ་བརྙེས་ཤིང་གངས་ཅན་ཆོལ་ཁ་གསུམ་དུ་དར་རྒྱས་ཆེན་པོར་སོང་བའི་རི་བསང་རླུང་རྟ་ཡིད་སེམས་འགུ་བ་ཞིག་བྱས་པ་དང་འབྲེལ་མགར་ཐར་རྟ་ཆེན་མོའི་བྱེད་སྒོ་ཉིན་གསུམ་གྱི་ཡུན་ལ་སྤེལ། མི་ཉག་མགར་ཐར་རྟ་རྒྱུག་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་རྩེད་རིགས་འདི་ནི། གནས་མཆོག་མགར་ཐར་ཡུལ་གྱི་ཁྱད་དུ་འཕགས་པའི་དུས་སྟོན་ཕུན་སུམ་ཚོགས་པ་ཞིག་ཏུ་བརྩི་བཞིན་འདུག རྟ་རྒྱུགས་འགྲན་རྩལ་འདི་ནི་མཆོག་སྤྲུལ་འཇིགས་མེད་རྣམ་རྒྱལ་ལགས་གཙོ་བོར་གྱུར་པའི་ཡུལ་འདིའི་གོང་རིམ་གྱི་དབུ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དང་རྒྱལ་སྐྱོར་འོག་ནས་རིམ་བཞིན་དར་རྒྱས་གོང་འཕེལ་སོང་ཞིང་རྒྱ་ཆེན་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།   མགར་ཐར་རྟ་རྒྱུག་ཆེན་མོའི་འགྲན་རྩལ་གྱི་རྣམ་པ་རེ་རེས་སྤྱིར་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་རོལ་ནས་ད་ལྟའི་བར་དུ་དར་ནས་ཡོངས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྟ་རྒྱུག་དང་། གོལ་རྩལ། མགོ་ས་རྟ་རྩེད། དར་ལེན་རྟ་རྒྱུག། བོའུ་འཕེན་རྟ་འགྲན་སོགས་ཀྱིས་མཚོན་པའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྲོལ་རྒྱུན་གྱི་རྩེད་མོའི་རིགས་དག་གོང་འཕེལ་ཡོང་ཐབས་དང་།  ལྷག་པར་དུ།  དེང་གི་ཆར་ལོ་ཆུང་གཞོན་སྐྱེས་མང་པོས་རྟ་ནོར་ལུག་གསུམ་འདི་དག་དགོས་མེད་དང་མཁོ་མེད་དུ་བརྩིས་ནས་རྩ་འཐོར་དུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་ཐུན་མིན་གྱི་གཅེར་ནོར་ཏེ་མདོ་བ་རྟ་མཆོག་འདི་དག་ལ་གཅེས་སྤྲས་རྣམ་དག་ཡོང་ཐབས་དང་།འདི་དག་ནི་བཀའ་དྲིན་ཅན་གྱི་མེས་དབོན་ཚོས་བཞག་པའི་ཤུལ་ནོར་ཞིག་ཏུ་རྩིས་པའི་ཐབས་སུ་དམིགས་ནས་མདོ་བ་རྟ་མཆོག་གི་འགྲན་རྩལ་ཆེན་མོ་འདི་བཙུགས་པ་ལགས།  ཤར་མི་ཉག་མགར་ཐར་ཡུལ་གྱི་མདོ་བ་ཅང་ཤེས་རྒོད་པོའི་འགྲན་རྩལ་འདི་ལ་བརྟེན་ནས་ཁ་འཐོར་དུ་ཡོད་པའི་མི་ཉག་ཡུལ་གྱི་སྡེ་འབངས་སོ་སོ་དང་རྫོང་ཁག་སོ་སོའི་བར་དུ་འཆམ་མཐུན་མཉམ་གནས་ཡོང་བ་དང་།མཐུན་སྒྲིལ་ལག་རྡང་སྦྲེལ་བར་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་རྒན་གཞོན་བར་མ་ཀུན་ལ་རླུང་ལྟར་གྲགས་འདུག  ལྟད་མོ་འདི་ནི་རྩི་ཤིང་མེ་ཏོག་རྒྱས་ཤིང་ཆར་ཆུ་དུས་འཛོམས་པའི་དབྱར་གྱི་དུས་སུ་རོང་འབྲོག་གི་མང་ཚོགས་དག་ལ་ངལ་གསོ་ཞིག་དང་། སྤྲོ་གསེང་ཤིག་གི་ཆེད་དུ་སྤེལ་བ་ཡིན་ཟེར་ཡང་མི་འགྲིག་པ་མེད།  སྤྱིར་རྟ་རྒྱུགས་འགྲན་རྩལ་འདི་ནི་སྟོང་ལོ་གསར་པ་མ་ཚེས་པའི་སྔོན་ནས་ཡུལ་འདིར་དར་ཡོད་ཀྱང་། བར་སྐབས་ཤིག་ནས་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ལོ་འགའ་ལ་འཚམས་འཇོག་བྱས་འདུག  ཉིས་སྟོང་དྲུག་གི་ལོ་ནས་བཟུང་སྟོང་ལོ་གསར་པའི་ལོ་ཟླ་འདི་དག་རིང་ལ་རྟ་རྒྱུག་འགྲན་རྩལ་འདི་ནི་བོད་ཡུལ་ཀུན་ལ་གྲགས་པའི་ཆེས་རླབས་ཆེ་བའི་རྩེད་རིགས་ཕུལ་དུ་བྱུང་བ་ཞིག་དང་། མཚོ་སྔོ་དང་ཀན་སུའུ། ཡུན་ནན་སོགས་ཞིང་སོ་སོ་ནས་མདོ་བ་ཅང་ཤེས་རྒོད་པོའི་རྩེད་རིགས་ལ་དགའ་བའི་མི་སྣ་མང་པོས་རྒྱུག་རྟ་གྲགས་ཆེན་མང་པོ་ཁྲིད་ཡོངས་ནས་འགྲན་རྩལ་ལ་ཞུགས་ཡོད་པར་མ་ཟད། དེང་གི་ཆར་མི་ཉག་ཡུལ་གྱི་རྟ་རྒྱུགས་འགྲན་རྩལ་འདི་ནི་གངས་ལྗོངས་མདོ་ཁམས་ཡུལ་གྱི་སྐྱེ་འགྲོ་མང་པོས་དོ་སྣང་དང་ཡིད་སྨོན་སྐྱེ་བཞིན་པའི་རྟ་རྒྱུག་ཅིག་ཏུ་གྱུར་ཡོད།  སྲོལ་རྒྱུན་གྱི་རྩེད་རིགས་དག་ལ་རབ་ཏུ་དགའ་བའི་སྐྱེ་འགྲོ་ཁྲི་ཕྲག་དུ་མའི་ཡིད་སེམས་གཅིག་ཏུ་བསྡུས་པའི་རྟ་རྒྱུག་འགྲན་རྩལ་འདི་ལ་རྣམ་གྲངས་དུ་མ་ཞིག་ཡོད་དེ།  བྱང་རྒྱུག་དང་རྒྱུག་ཆུང་། རྒྱུག་ཆེན་དང་གོམ་འགྲན་སོགས་རྣམ་པ་དུ་མ་ཞིག་ཡོད་ལ།རྒྱུག་ཆེན་སྐབས་ལོ་ལྟར་ཨང་དང་པོ་ནས་བཅུ་གསུམ་པའི་བར་གཟེངས་རྟགས་བྱ་དགའ་གྱ་ནོམ་པ་ཞིག་སྤྲད་རྗེས། གླུ་གཞས་དང་ཟློས་གར་དུ་མས་གནས་ས་འགེངས་བཞིན་ཐམས་ཅད་དགའ་སྤྲོ་ཚད་ངང་མཇུག་བསྡུས་པ་ལགས་སོ།།

  • ལེ་ཚན་སྔོན་མ།:བླ་མ་ལོ་གསར་དང་རྒྱལ་པོ་ལོ་གསར།
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་སར་མཚམས་སྦྱོར་བྱིས་པའི་དགའ་སྟོན།