ལོ་སར་གྱི་ལུགས་སྲོལ།

    མཚོ་སྔོན་རླུང་འཕྲིན་དྲ་བ་ནས་དྲངས།    2023-02-04

བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ས་སྲོད་དུ་དགུ་ཐུག་བསྐོལ་ནས་ཁྱིམ་མི་ལྷན་འཛོམས་ཀྱིས་མཉམ་བཞེས་མ་བྱས་སྔོན་ལ་ཁྱིམ་བདག་མས་རྩམ་པ་ཆངས་བུ་རེ་སྤྲད་ནས། དེས་མི་སོ་སོའི་ལུས་གཟུགས་སྟོད་སྨད་ལ་ཕུར་དུ་བཅུག་རྗེས། ལོ་གཅིག་གི་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དང་དྲུག་ཅུའི་གེགས་བར་ཆད་ཚང་མ་སེལ་བའི་སྨོན་ལམ་བཏབ་མཐར་མི་གཙང་དྲི་ངན་བསྒོས་པའི་གླུད་གཟུགས་བཅོས་ནས་རྫ་ཁོག་ཆག་དུམ་ཞིག་གི་ནང་འཕེན་པ་དང་། དེ་ནས་དགུ་ཐུག་འཐུངས་རྗེས། སྦང་མ་ཇ་རོ་དང་གད་སྙིགས་རྣམས་ཀྱང་རྫ་ཁོག་ཆག་དུམ་ནང་བླུགས་ནས་གདོན་འདྲེ་ཕྱིར་སྐྲོད་ཀྱི་ངར་སྒྲ་སྒྲོག་བཞིན་ཁྱིམ་ཚང་གི་ཉེ་འདབས་ཀྱི་ལམ་མདོ་ཞིག་ལ་འཕངས་མཐར་མེ་མདའ་དང་ཤོག་སྦག་བརྒྱབ་ནས་གདོན་བགེགས་སྐྲོད་སྲོལ་ཡོད་པ་རེད།

གནམ་གང་གི་ཉིན་ལ་མཆོད་གཤོམ་གྱི་མདུན་དུ་གྲོ་སོ་ཕྱེ་མར་དང་ཁ་ཟས་སྡེར་ཁ། ཤིང་འབྲས་བུ་རམ། ཤེལ་དཀར་རྟ་སོ་མ། ཐུད་དང་བྱི་རིལ་སོགས་བཟའ་བཅའ་བྱེ་བྲག་སྣ་ཚོགས་བཤམས་ཏེ་ལོ་སར་གྱི་སྟ་གོན་གྱ་ནོམ་པ་བྱེད་པ་དང་། མཆོད་སྟེགས་དང་སྐུ་ཐང་ལ་དར་གོས་སྙན་ཤལ་བསྒྲོན་པ་དང་། ཐབ་ཚང་གི་རྩིག་ལྡེབས་སུ་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་དཀར་ཐིག་གི་རི་མོ་གང་མཛེས་འབྲི་བ་དང་། ཟངས་དེམ་དང་རྫ་མ་སོགས་བཅུད་ཀྱིས་བལྟམས་པའི་སྣོད་ལ་ཁ་བཏགས་དཀྲི་བ། ཁང་པའི་ནང་གི་གདུང་ཁེབས་དང་སྒོ་མཆོར་སྒེའུ་ཁུང་སོགས་ཀྱི་ཡོལ་རས་ཤམ་བུ་དང་ཕུར་མ་དག་གསར་དུ་བརྗེ་བ། སྒོ་རའི་ཕྱི་ནང་དང་ཁང་པའི་མདོ་སྦུག་ཀུན་ལ་གད་ཕྱིས་ལེགས་པོ་བྱས་ཐོག རྒྱ་སྒོའི་མདུན་ནས་དཀར་ཐིག་འཐེན་པ་དང་། དཀྱིལ་ལ་མི་འགྱུར་རྟག་བརྟན་གྱི་གཡུང་དྲུང་བྲིས་ནས་ལོ་སར་ལེགས་པར་བསུ་བར་བརྩོན་པ་རེད། ལོ་སར་སྐབས་སུའང་རྟ་རྒྱུག་པ་དང་རི་བསང་གཏོང་བ། དར་ལྕོག་འཛུགས་པ། བལ་ཚོན་གྱིས་བརྒྱན་པ། གཞི་བདག་གསོལ་མཆོད་སོགས་ནི་སྔ་རབས་ཀྱི་ལུགས་མ་འགྱུར་བར་ཡོད་པ་རེད།

བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་གསུམ་བར་དུ་མི་རྣམས་ཀྱིས་གྱོན་ཆས་གཟབ་མཆོར་གང་ཡོད་མནབས་ཏེ། དུད་ཚང་སོ་སོ་ནས་གཙང་པོའི་འགྲམ་དུ་ཀླུ་བསང་གཏོང་བ་དང་དཀར་སྤྲོ་རྒྱག་པ། རང་ཁྱིམ་གྱི་མཁར་སྟེང་དུ་ཁམས་མཐུན་དར་ལྕོག་འཛུགས་པ། གྲོང་པ་ཕན་ཚུན་བར་དུ་གྲོ་སོ་ཕྱེ་མར་དང་ཆང་ཕུད་བསྐོར་རེས་ཀྱིས་བསྣམས་ཏེ་ཕར་འགྲོ་ཚུར་འོང་གིས་ལོ་སར་གྱི་སྤྲོ་དགའི་དཔལ་ལ་རོལ་བ་དང་། ལྷ་མོ་ཁག་གིས་རྣམ་ཐར་འཁྲབ་ཅིང་ཕོ་གསར་ཚོས་མདའ་རྩལ་འགྲན་བཞིན་ལོ་སྐྱིད་པོའི་ངང་རོལ་བ་ཡིན་ནོ།།


  • ལེ་ཚན་སྔོན་མ།:བཀྲ་ཤིས་རྟགས་བརྒྱད་ཀྱིས་ལོ་སར་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།