མི་ཉག་རོང་ཡུལ་གྱིས་ལོ་སར་གཏོང་སྟངས་ཀྱི་མཐོང་ཐོས།

ཨ་མགོན་གྱིས་བྲིས།        2023-01-20

དར་རྩེ་མདོའི་རྒྱུ་ལ་ནུབ་རྒྱུད་ཀྱི་མི་ཉག་རོང་ཡུལ་རྣམས་སུ་ལོ་སར ༼ གནས་དེ་གའི་ལུགས་སྲོལ་གྱི་བཤད་སྲོལ་ལ་རྒྱུ་ལ་ནུབ་རྒྱུད་ལ་མི་ཉག་ཅེས་ཟེར།༽ ལོ་ཆུང་དང་ལོ་ཆེན་གཉིས་སུ་དབྱེ་བ་བཤད་སྲོལ་མཆིས།དེ་གཉིས་ལོ་སར་ཚུལ་ལ་རྒྱས་བསྡུས་ཀྱི་ཁྱད་པར་མ་གཏོགས་ཡུལ་སྲོལ་ཆོ་ག་ནི་གཅིག་མཚུངས་ཡིན་པ་རེད།ལོ་སར་ཚེས་གཅིག་ཉིན་གྱི་སྔ་མོར་ལོ་འཁོར་འདིའི་ལོ་རྟགས་ལ་འཁེལ་བའམ་ཡང་ན་ལོ་རྟགས་དེ་དང་མཐུན་པའི་ནང་མི་ཞིག་གིས་གཡང་འབོད་བྱེད་བཞིན་དུ་ལོ་མེ་འབར་ཞེས་ཐབ་ཀའི་ནང་མེ་སྦར་ནས་ཇ་དང་དགུ་ཐུག་སོགས་ཚ་དྲོད་བྱས་རྗེས་ཁྱིམ་མི་ཡོངས་རྫོགས་ལ་ཕྲན་བུ་རེ་བཟའ་རུ་བཅུག་པ་ནི་ཁ་ལག་འཕྲོད་པའི་རྟེན་འབྲེལ་ལ་བརྩི་སྲོལ་མཆིས།

ལོ་མེ་འབར་མཁན་གྱིས་ཁྱིམ་མི་ཡོངས་རྫོགས་ལ་ཁ་ལག་སྤྲོད་རྗེས་ཆུ་མགོ་ལེན་ཞེས་ཆུ་ཟོམ་ཁར་མར་རྒྱན་གསུམ་བཏགས་ནས་སྡེར་མའི་ནང་འབྲུ་དཀར་དང་དམིགས་བསལ་གྱིས་གྲ་སྒྲིག་བྱས་པའི་ཐང་དམར་ལོ་མ་ཆུན་པོ་གཅིག་བཅས་འཁུར་ནས་ཆུ་མགོ་ལེན་སར་འགྲོ།ཆུ་ཁར་སླེབས་དུས་དང་ཐོག་ཕྱོགས་བཞིར་འབྲུ་དཀར་ཕྲན་བུ་གཏོར་ཞོར་དུ་བཀྲ་ཤིས་གཡང་འབོད་ཀྱི་སྨོན་ལམ་བཏབ་རྗེས་ཆུ་བསང་གཏོང་ཞེས་ཐང་དམར་གྱི་བསངས་འབུལ་ཞིང་སྨོན་ལམ་རྒྱག་པ་དང་།ལོ་འཁོར་དེའི་ལོ་རྟགས་འཁེལ་བའམ་ཡང་ན་ལོ་རྟགས་འདི་ཉིད་དང་མཐུན་པའི་ཁྱིམ་མིའི་ནང་གི་སྐྱེས་པ་ཞིག་གིས་ཁང་པའི་ཆེས་སྟེང་མའི་ཟུར་དུ་བརྩིགས་པའི་དགྲ་ལྷ་འཁོར་ཞེས་བྱ་བའི་བསང་ཁྲིའི་ཐོག་གསོམ་ཤིང་ལོ་མ་དང་ཤུག་པ་འཇམ་པོའི་བསང་ཤིང་གང་མང་འཛོམས་པའི་བསང་མཆོད་འབུལ་སྲོལ་མཆིས།བསང་དུད་ཆེ་ན་ལོ་འདིར་རྒྱུ་ནོར་ལོངས་སྤྱོད་འབེལ་ཞེས་བཤད་སྲོལ་ཡོད་པས་བསང་མཆོད་འབུལ་མཁན་གྱིས་བསང་དུད་ཆེན་པོ་གཏོང་ཅི་ཐུབ་གང་ཐུབ་བྱེད་ཀྱི་ཡོད།

ལོ་སར་ཚེས་གཅིག་ཉིན་གྱི་ཞོགས་པའི་ཉི་འོད་ཁང་པར་ཕོག་པའི་ཚེ་ཁྱིམ་མི་ཚང་མ་ཁྱིམ་དུ་འདུས་འཛོམས་བྱས་ཏེ་བཟའ་བཅའ་རིགས་སྣ་ཚོགས་འཛོམས་པའི་ལོ་འགོའི་བཟའ་སྟོན་ཞེས་བྱ་བ་བཟའ་ཞིང་།དེའི་རྗེས་ཁྱིམ་ནང་གི་སྐྱེས་པ་ཆེས་ཆེ་བས་ཉིན་གཞུང་གི་སྔོན་དུ་བསང་མཆོད་རྒྱུན་མ་ཆད་པར་འབུལ་བ་དང་བུད་མེད་ཚོས་བཟའ་བཅའ་སྣ་ཚོགས་བཟོས་པ་ནི་ཚེས་གཅིག་ཉིན་ལ་ལོ་གསར་པའི་འགོ་མ་ཡིན་པས་ཉིན་དེར་ཟས་རིགས་སྣ་ཚོགས་ཟོས་ན་ལོ་ཧྲིལ་པོར་འདོད་ཡོན་ཕུན་སུམ་ཚོགས་པོ་ཡོང་ཞེས་བཤད་སྲོལ་མཆིས།ཉི་མ་གནམ་དཀྱིལ་དུ་སླེབས་ཉེ་ཡོད་པའི་སྐབས་སུ་སྐར་འཛོམས་འཇོག་ཅེས་ཁྱིམ་མི་ཚང་མས་གཟབ་མཆོར་སྤྲས་ནས་བཟའ་བཅའི་རིགས་སྣ་ཚོགས་འཁྱེར་ཏེ་ཁྱིམ་མཚེས་རྣམས་དང་མཉམ་དུ་ཉེ་འདབས་རྩྭ་ཐང་དུ་དགའ་འཛོམས་བྱས་ཏེ་ཟ་འཐུང་དང་ཆང་རག་གང་མང་འཐུང་།ད་དུང་གླུ་ལེན་བྲོ་འཁྲབ་དང་རྟ་རྩལ་རྩེད་པ།མི་རྒྱུག་འགྲན་པ་སོགས་ཨ་མཚར་རྩེད་མོ་དུ་མ་བརྩེས་ནས་ཉི་མ་ནུབ་རྗེས་ད་གཟོད་རང་རང་སོ་སོའི་ཁྱིམ་དུ་ལོག་པ་རེད།།



  • ལེ་ཚན་སྔོན་མ།:རྩེད་འཇོའི་དམངས་སྲོལ།
  • ལེ་ཚན་རྗེས་མ།:བཀྲ་ཤིས་རྟགས་བརྒྱད་ཀྱིས་ལོ་སར་བསུ།