ལོ་སར་སྨོན་ཚིག།

དབྱུག་སྲས།        2023-01-20

བློ་གསལ་སྨྱུག་མའི་ཞིང་སར་མྱུ་གུ་འཛུགས། །


ཟབ་རྒྱས་ཆོས་སྦྱིན་འོ་མཚོས་ན་མར་བསྐྱངས། །


བཀའ་དྲིན་ཟླ་མེད་ཤེས་བྱའི་གཏེར་བདག་ཚོ། །


སྐུ་ཚེ་མི་འཇིག་གཡུང་དྲུང་ལྟར་བརྟན་ཤོག །


དེ་རིང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྣམ་པར་དཀར་བ་གནམ་ལོ་གསར་ཚེས་ཀྱི་རང་ཞལ་མངོན་པར་འཛུམ་པའི་དུས་དགེ་བར་སྲིད་ཞིའི་ལེགས་ཚོགས་གཅིག་ཏུ་སྤུངས་པའི་རྟེན་འབྱུང་གི་དགའ་སྟོན་མཚོན་ཙམ་ཕུལ་བར་དགྱེས་པའི་སྤྱན་རས་ཨུཏྤལ་སྔོན་པོའི་རྩེ་དགས་རོལ་བའི་དགེ་བའི་བཤེས་གཉེན་ཚོའི་སྙན་དྲུང་དུ་འབུལ།

དུང་སེམས་ཅན་མའི་མངའ་བདག་མ་ལོ་ཁྱེད། །


ནུ་ཞོ་མངར་མོས་གསོས་པ་ཉིན་གཅིག་མིན། །


ཟླ་དགུ་ཞག་བཅུ་གྲོད་སྟེང་བསྣམས་པའི་དྲིན། །


ཚེ་རིང་ལོ་བརྒྱར་སྨིན་ཕྱིར་ལོ་སར་བཟང་། །


ཚེ་རབས་ཀྱི་ལས་འཕྲོ་བསྐྱངས་གནང་སྟེ་འཇིག་རྟེན་འདིར་སྐྱེ་རྒ་ན་ཟུག་གི་བང་རིམ་བརྒྱུད་ཅིང་བུ་ཕྲུག་ཚོ་ལུས་སེམས་དྲོད་འཇམ་གྱིས་གསོ་སྐྱོང་མཛད་མཁན་ཨ་མ་ཁྱེད་ཀྱི་སྙན་དྲུང་དུ་འབུལ།


སྙན་འགྱུར་ངག་གི་གླིང་བུ་འཛིན་པའི་སྲས། །


མཁས་པ་དགྱེས་པའི་རོལ་མོ་ཁྱེད་ཀྱིས་དཀྲོལ། །


དབྱངས་ཅན་གྲེ་འགྱུར་རོལ་བའི་སྲས་བོ་ལ། །


བཀྲ་ཤིས་གནམ་ལོ་ཚེས་པའི་དགའ་སྟོན་བསུ། །


རྣམ་དཔྱོད་འཛིན་མའི་ཁྱོན་ཡངས་སུ་ཚིག་རྒྱན་མེ་ཏོག་ཕྲེང་བས་མངོན་པར་མཛེས་པའི་ངག་རིག་སྨྲ་བ་ཚོའི་སྙན་དྲུང་དུ་འབུལ།


ཚེ་རིག་བདུད་རྩིའི་མཆོད་སྦྱིན་འགྱེད་པའི་ལྷ། །


འཚེ་མེད་ཀུན་ཕན་གཉེར་བས་ནད་པའི་མགོན། །


རྗེས་འཛིན་གསོ་བ་རིག་པའི་མངའ་བདག་ཚོར། །


གནམ་ལོ་ཚེས་པར་བཀྲ་ཤིས་དར་གོས་བསྒྲོན། །


ཀུན་ཕན་ཚེའི་རིག་བྱེད་འཛིན་པ་སྨན་རྒྱལ་སྐུ་དྲིན་ཅན་ཚོའི་སྙན་དྲུང་དུ་འབུལ།

སྐུ་ལུས་མཛེས་བྱེད་མཚན་དཔེའི་ན་བཟའི་རྒྱུ། །


ཡོན་ཏན་ཀུན་གྱི་གཞི་རྟེན་དབྱིག་འཛིན་ལྟར། །


དཔལ་ལྡན་ཐོན་མིའི་ཕྱག་རྗེས་གསེར་གྱི་བྲིས། །


གངས་ལྗོངས་ཡིག་མཁན་དག་ལ་སྨོན་འདུན་ཞུ། །


བསྔགས་འོས་ཡོན་ཏན་གྱི་གཏེར་ཆེན་རྣམ་མང་ཡི་གེའི་མཁན་པོ་ཚོའི་སྙན་དྲུང་དུ་འབུལ། །


ཡིད་མཐུན་མཛའ་གྲོགས་སྙིང་གི་དཀྱིལ་དུ་རོལ། །


ཆོས་མཐུན་ལས་ལ་ངང་པའི་རྣམ་པར་རྩེན། །


གངས་ཅན་ལྗོངས་སུ་ལོ་སར་ཚེས་པ་ལ། །


མཛའ་བཤེས་ཚོ་ལ་སྨོན་ཚིག་ཆར་པ་འབེབས། །


ཆོས་མཐུན་ལས་ལ་ངོམས་མེད་དུ་སྤྱོད་པའི་མཛའ་བཤེས་ཚོའི་སྙན་དྲུང་དུ་འབུལ།




  • ལེ་ཚན་སྔོན་མ།:རྒྱང་རིང་དུ་གྱེས་པའི་ཟླ་བོ།
  • ལེ་ཚན་རྗེས་མ།:ལོ་གསར་པའི་ནང་ལ།