རྒྱང་རིང་དུ་གྱེས་པའི་ཟླ་བོ།

སྦི་གསང་།        2023-01-17

སྙིང་ཉེ་བའི་གྲོགས་པོ་ལགས།

ཁྱོད་རང་འོད་སྣང་ལ་དུངས་ནས་མི་

ཡུལ་ལ་ཕྱིར་བལྟས་བྱེད་ཁོམ་མ་བྱུང་།

སྐྱོ་སྣང་དང་གདུང་སེམས་སྔར་བཞིན་

ཁྱོད་ཀྱི་འགྲོ་ལམ་དུ་ཁྱབ་པར་བྱས།

ཁྱོད་རང་རྒྱང་རིང་དུ་བཞུད་པ་ནས་བཟུང་།

མཁའ་དབྱིངས་ཀྱི་སྤྲིན་དཀར་སྐྱ་ལམ་མེར་

བསིལ་རླུང་གིས་འཁུར་དགོས་ཨང་།

ཁྱོད་རང་འགྲོ་ཐབས་མེད་པའི་ལམ་བུ་དེ་ན།

ནང་སེམས་ཀྱི་ན་ཚོད་རྒས་སྲིད་ལ།

ཕྱི་རོལ་གྱི་ཉི་འོད་ཀྱང་མཚན་སྨག་

གི་ཀློང་དུ་རྡོལ་སྲིད།

ལྷ་ཚོགས་ཀྱི་ཞིང་ན་ཉི་འོད་སྐྱོ་བཞིན།

ཞེ་འདང་གི་ཁ་དོག་ཀྱང་སྐྱོ་བཞིན།

ཁྱོད་རང་གང་ཞིག་ན་སྐྱོ་བཞིན་ཡོད།

ངའི་སྙིང་ཁམས་ཀྱི་ཟབ་ས་ན་ཁྱོད་རང་

མུན་པ་བཞད་པའི་མཁའ་དབྱིངས་

ཤིག་གྱུར་ནས།

རྒྱང་རིང་ནས་ས་རྡུལ་དང་སྨག་རུམ་

འཁུར་དགོས་ཨང་།



  • ལེ་ཚན་སྔོན་མ།:ནམ་གུང་གི་ཆར་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།