རྣམ་རྟོག་ཆུ་འཛིན་འཁྲིགས་པའི་རླབས་ཕྲེང་།

འབར་བློ་དཀར།        2023-01-16

རབ་མཛེས་སྤྲིན་དཀར་གཡོ་བའི་ལྡིང་ཁང་གི་དབུས་ཀྱི།།

རབ་དཀར་སྟོན་ཟླ་འཛུམ་པའི་བཞིན་དཔལ་ལ་འགྲན་པའི།།

རབ་ཏུ་བརྩེ་བའི་ལྷ་མོའི་སྤྱན་རས་ཀྱི་བུང་བས།།

ད་དུང་ཉམ་ཐག་བུ་ང་འདོར་བ་རང་མ་གནང་།།

ལས་དབང་ཐོལ་རླུང་དྲག་པོས་ངེས་མེད་དུ་སྤུར་ཞིང་།།

ཞེན་ཆགས་ན་བུན་སྟོང་གི་བུ་ལོན་གྱིས་དེད་ནས།།

འཇིག་རྟེན་མི་ཡུལ་སྐྱ་མོའི་ལམ་ཕྲན་གྱི་སྣེ་རུ།།

རྐང་རྗེས་རྡོག་གཅིག་ཕབ་དགོས་ལས་བསྐོས་འདི་བཙན་པ།།།

ཆུང་ཆུང་བྱིས་དུས་ལོ་ཟླ་རྩེ་དགོད་ཀྱིས་བསྐྱལ་ཞིང་།།

དར་མའི་སྣང་བའི་རི་མོ་རྣམ་གཡེང་གིས་བྲིས་ཏེ།།

མི་ཚེའི་སྐྱིད་པའི་དུས་ཚིགས་སྐད་ཅིག་ལ་ཟད་པའི།།

མི་རྟག་ཆོས་ཉིད་འདི་ལ་དབུགས་རིང་ཞིག་ཤོར་སོང་།།

རྒྱུ་རྐྱེན་རྟེན་འབྲེལ་བཟང་པོ་ཉེར་ཚོགས་ཀྱི་མཐུ་ལས།།

རྟེན་འདིར་དལ་འབྱོར་ཚང་བའི་མི་ལུས་ཤིག་ཐོབ་ཀྱང་།།

རང་གར་ཆུད་ཟོས་བྱས་པའི་ཉེས་དམིགས་ལ་བསམས་ན།།

ཁོག་ཆུང་ཡིད་སེམས་སྡུག་པའི་སྣོན་མ་ལས་ཅི་ཡོད།།

ཚེ་འདི་མི་རྟག་ཁུར་མོང་རླུང་ཁྱེར་དང་མཚུངས་པར།།

སྐད་ཅིག་ཙམ་ལ་གནས་པའི་གདེང་ཚོད་ནི་མེད་ཀྱང་།།

མ་བརྟག་སྣང་བ་འདི་ཡི་ཕྱི་རྗེས་སུ་འབྲངས་ཏེ།།

དགོས་དོན་སྙིང་ལ་མ་ལོན་ཡད་ཡད་དུ་ལུས་སོང་།།

ད་དུང་སྙིགས་མའི་རང་མཚང་ཆེས་ཆེར་དུ་རྡོལ་ཞིང་།།

སྐྱེ་འགྲོའི་སེམས་རྒྱུད་མ་རུང་འདྲེ་གདོན་གྱིས་བརླབས་པས།།

གུས་རྟག་བརྩོན་པའི་སྦྱོར་བ་རང་མལ་དུ་ལྷག་སྟེ།།

ཕྱི་བཤོལ་ལས་ལ་གོམས་པའི་ངང་ཚུལ་འདི་གཟན་པ།།

ཐོག་མ་ནས་བཟུང་སྐྱེ་བ་གྲངས་མེད་ཀྱི་ཡུན་ལ།།

ཉུང་ཙམ་བསགས་པའི་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ།།

བར་ཆད་རྐྱེན་གྱིས་མ་བརླག་དུས་ཐོག་ལ་སྨིན་ནས།།

ངུར་སྨྲིག་གྲལ་དུ་ཚུད་པའི་སྐལ་བཟང་འདི་རྨད་དོ།།

ཚུལ་འདིར་བསམས་ན་འདུན་མ་ལེགས་ལེགས་ཤིག་གདའ་ཡང་།།

འཁྲུལ་སྣང་རྒྱ་རུ་ཚུད་པའི་ཐ་མལ་གྱི་བློ་འདི།།

དོན་ཆུང་འཁོར་བའི་བྱ་བ་ཙག་ཙིག་ལ་གཡེངས་ནས།།

ཆོད་ཉིད་རང་ངོ་མཇལ་བའི་གོ་སྐབས་དེ་དབེན་སོང་།།

ད་ནི་རྣམ་རྟོག་བྱེའུ་ཁྱུ་ཚང་མལ་ནས་འཕུར་ཏེ།།

ཡུན་རིང་འདས་པས་ངལ་གསོའི་འབབ་སྟེགས་ཀྱི་སླད་དུ།།

ངེས་འབྱུང་བསམ་པས་སྤུད་པའི་དད་སེམས་ཀྱི་སྡོང་བོར།།

ཡོན་ཏན་འབྲས་བཟང་ཁུར་གྱིས་དུད་པ་ལ་སྨོན་ནོ།།



  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱི་ལས་ཞུགས་གནས་བབ་རྒྱུན་མཐུད་དུ་བརྟན་པོ་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།