ཀུན་རྟོག་ཚོར་བས་སྐྱོམ་པའི་སེམས་གཞས།

མ་གྲུབ་པ།        2023-01-17

དགའ་སྡུག་སོ་ཕྲེང་བརྒྱུས་པའི་ཀུན་རྟོག་གི་འཆར་སྒོ།།

འདུ་ཤེས་གློག་གི་མཇུག་མ་ཕྱོགས་བཞི་རུ་བཀྲ་བའི།།

གཟུགས་འགྱུར་མྱ་ངན་ཐང་ངམ་འཁོར་བ་ཡི་གྲོང་ནས།།

སྣང་བ་ཚོར་བས་སྐྱོམ་པའི་གཏམ་རྒྱུད་དེ་མང་ཨང་།།

ཀུན་གསལ་སྣང་བའི་མེ་ལོང་སྲིད་པ་ཡི་ས་ཚིགས།།

ན་ཀྲའི་གྲོང་ལྟར་ཡངས་པའི་འཇིག་རྟེན་གྱི་ནགས་སུ།།

ཆགས་སྡང་གདོན་གྱིས་གཙེས་པའི་ལས་སྐལ་གྱི་རྡོག་ཁྲེས།།

ད་དུང་རྫོགས་རྒྱུ་མེད་པའི་སྡིག་སྒྲིབ་འདི་ལྕི་བ།།

འཇིག་རྟེན་སྒྱུ་མའི་ནགས་ཀྱི་རྫ་མཐའ་རུ་ཡིབ་པའི།།

སྣང་བའི་རི་དྭགས་འདྲོག་པའི་སེམས་གཞས་ཤིག་ལེན་ན།།

ཆགས་སྡང་བྱེ་འབུམ་བརྩིགས་པའི་ཉེར་གསུམ་གྱི་ལོ་རབས།།

དཔེ་མང་རིག་པའི་ཀློང་དུ་བསྟིམ་པ་འདི་སྐྱིད་ཨང་།།

དུང་སེམས་འོད་དཀར་བྱིན་རླབས་ཚན་ཁ་རུ་འབར་ཞིང་།།

སེམས་པའི་གཏིང་རིམ་གཉོར་ནས་ཞེ་འདང་གིས་བསྐྱོར་བའི།།

མི་དག་རྒྱུན་དུ་འཕྲད་པའི་འདོད་སེམས་འདི་ལྕི་ཡང་།།

དྲན་གདུང་ཁོག་ཏུ་སྦས་པའི་བརྟུལ་ཞུགས་ལས་མ་མཆིས།།

སྣང་བ་གཙང་བོར་འདྲེས་པའི་འཚོ་བ་འདིའི་འོབས་སུ།།

འཁོར་བའི་གཏིང་མཐའ་ཉུལ་བའི་སྙིང་ཐུབ་ཀྱི་མི་དང་།།

འདང་བརྩེ་ཚིག་ལ་བཏེཊ་པའི་སེམས་གཞས་ཤིག་བླངས་པ།།

ལོ་ཟླ་ཕར་ཕར་བསྐྱལ་ཡང་བརྗེད་ཐབས་ཤིག་མ་བྱུང།།

སྐབས་འགར་རེ་ཆད་དུ་མའི་སྐྱོ་གདུང་གིས་མནར་ཞིང་།།

ལེན་རེར་དགའ་བ་འབུམ་གྱི་གར་སྟེགས་སུ་རྩེན་པའི།།

ཐོགས་རེག་ཅི་ཆ་མེད་པའི་ནང་སེམས་ཀྱི་འགྱུར་བག།

སྟོང་བསམ་རྡུལ་གྱིས་གང་བའི་སེམས་གཅོང་ཙམ་རེད་ཨང་།།

དཔག་ཚད་དུ་མར་བརྒལ་བའི་རི་ཆུ་དེའི་ཕར་ནང་།།

འཚོ་བ་རྨི་ལམ་འདྲ་བའི་འདུ་འཛི་ཡི་ཀློང་ནས།།

རྒྱུས་མེད་སེམས་སོང་མི་ལ་བརྩེ་འདང་ཞིག་བཞག་པ།།

ཀུན་རྟོག་ཚོར་བས་སྐྱོམ་པའི་ལན་ཆགས་ཙམ་ཡིན་རེད།།

ཏིང་འཛིན་དབུ་མའི་རྩ་ལམ་ཞི་བ་རུ་གནས་ཀྱང་།།

ཡིད་འགྱུར་ངོགས་ནས་འཐོར་བའི་ཚོར་འདུ་ཡི་མུ་ཏིག།

རྟོག་པའི་རྒྱུན་ཐག་ཁྲ་མོ་འདི་ཉིད་ལ་བརྒྱུས་ན།།

སྤྲོས་པའི་སྙན་ཚིག་མི་འབྲི་བཀོད་པ་རང་མི་འདུག།

མགྲིན་པའི་སྒོ་ནས་ཟགས་པའི་ཐ་སྙད་ཀྱི་ཚིག་རིས།།

རོ་ཉམས་ངང་གིས་བོར་བའི་བདག་ཉིད་ཀྱི་གླུ་སྐད།།

སུ་ཡི་ཆེད་དུ་མིན་པའི་སེམས་གཤིས་ཀྱི་རྟོག་འགྱུ།།

མགུར་མའི་ཚིག་ལ་བཏབ་པའི་རིག་བྱེད་ཙམ་ཡིན་ཨང་།།



  • ལེ་ཚན་སྔོན་མ།:དབྱངས་ཀྱི་སྐུད་པ།
  • ལེ་ཚན་རྗེས་མ།:ནམ་གུང་གི་ཆར་བ།