རྟེན་འབྲེལ་གཡང་གི་ལོ་སར།

ལོ་ཤུལ་བཀྲ་ནོར།        2023-02-20

ལོ་གསར་པའི་རྟེན་འབྲེལ་ཐོག་མ་ལ།།

ཕ་ཨ་ཁུས་ལྷ་བསང་དགུང་ལ་ཕུལ།།

སྨན་བུ་མོས་ཚེས་ཆུ་ལྟེམ་མེར་བླངས།།

ཁྱིམ་བཟའ་མི་གཡང་ཁྱིམ་ནང་ནས་འཛོམས།།

ཟས་དཀར་གསུམ་མཆོད་པའི་སྡེར་ཁ་བཤམས།།

ཟས་བཅུད་ལ་རོལ་བས་སྐྱིད་པ་ལ།།

དྲིན་ཕ་མ་དགའ་བས་སྤྲོ་བ་ལ།།

ལོ་བཟང་པོའི་རྟེན་འབྲེལ་གཉིས་པ་ལ།།

ཁྱིམ་ནང་མིས་ལོ་ཆང་བདུད་རྩི་བཞེས།།

གཏམ་ཁ་མཚར་དགོད་སྒྲ་ལྷང་སེ་ལྷང་།།

སྐྱེས་ཕོ་མོ་ཁྲོམ་པ་གཅིག་ལ་འཛོམས།།

ནང་ན་ཟླས་སེམས་གཞས་ལྷོད་ཀྱིས་བླངས།།

ཁྲོམ་གླུ་གར་མང་བས་དགའ་བ་ལ།།

ཕྱི་མགྲོན་པོ་སྐྱིད་པས་ཉམས་དགའ་བ།།

ལོ་བཟང་པོའི་རྟེན་འབྲེལ་གསུམ་པ་ལ།།

བོད་ཆོལ་གསུམ་སྤུན་ཟླས་ལོ་གཡང་བསུས།།

ནང་ལྷག་བསམ་དཀར་པོས་ཁ་བཏགས་འཐེན།།

ཕྱི་ནོར་གཡང་ཟས་ཀྱི་བསོད་ནམས་འཁོར།།

ཚིག་ཁ་གཡང་སྨོན་པས་དགའ་བ་ལ།།

དོན་ཁ་དགེ་གྲུབ་པས་སྐྱིད་པ་ལ།།



  • ལེ་ཚན་སྔོན་མ།:བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་སྨོན་ཚིག་གསེར་གྱི་ལྷ་དར།
  • ལེ་ཚན་རྗེས་མ།:བཀྲ་ཤིས་སྨོན་ཚིག་བཟང་པོ།