མི་དམངས་དྲ་བ། 2023-02-21
ཚེས་19ཉིན་གྱི་སྔ་དྲོར། བོད་སྨན་ཚད་ལྡན་བཟོ་བའི་ལོ་གསུམ་གྱི་བྱ་འགུལ་འཆར་གཞི་ཞེས་པ་ལྷ་སར་ཞིབ་བཤེར་རྩིས་ལེན་བྱས་ནས། སྨན་སྣ་རིགས་152ཀྱི་ཚད་གཞིར་ཞིབ་འཇུག་ལེགས་སྒྲུབ་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་། ས་གནས་ཀྱི་ཚད་གཞི་ཁག་112ཡོད་པ་དེ་དག་2023ལོའི་ཟླ་1པོ་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅིང་། དེ་དག་བོད་སྨན་རྒྱུ་ཆ་དང་། བོད་སྨན་བཏུང་སྨན། བོད་སྨན་སྨན་བཅོས་སྒྲིག་གཞིའི་ལས་སྣོན་སྨན་རྫས་ཀྱི་ཚད་གཞི་སོགས་དང་འབྲེལ་བ་ཡོད་པ་དང་། མུ་ཏིག་བདུན་བཅུ་དང་། གངས་ལྷ་མེ་ཏོག་སོགས་བོད་སྨན་རྒྱུ་ཆ་རིགས་40རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ཡོད་པས། འགྲོ་ལུགས་ལྟར་རྒྱལ་ཁབ་སྨན་རྫས་ལྟ་བཤེར་ཅུས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་གོང་ཞུ་ཕུལ་ཡོད་པ་རེད།
ཞིབ་བཤེར་རྩིས་ལེན་ཚོགས་འདུའི་ཐོག བོད་སྨན་ཚད་ལྡན་བཟོ་བའི་ལོ་གསུམ་གྱི་བྱ་འགུལ་འཆར་གཞི་འདིང་དོན་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ། དེ་བཞིན་ཚད་གཞིའི་ཞིབ་འཇུག་ལས་དོན་སྤེལ་ཚུལ་བཅས་ངོ་སྤྲོད་གནང་བ་དང་། ཆེད་ལས་མཁས་པའི་ཚོགས་ཆུང་གིས་རྣམ་གྲངས་ཀྱི་སྤྱིའི་གནས་ཚུལ་ལ་ཞིབ་བཤེར་རྩིས་ལེན་དང་གྲོས་བསྡུར་གནང་བ་རེད། ཆེད་ལས་མཁས་པའི་ཚོགས་ཆུང་གིས་འཆར་གཞི་དེ་བོད་སྨན་སྨན་བཅོས་དང་བོད་སྨན་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ཚད་ལྡན་ཅན་དུ་འགྱུར་བའི་དགོས་མཁོར་དམིགས་ཡོད་ཅིང་། དེའི་ཞིབ་འཇུག་བྱ་ཐབས་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཚད་དང་མཐུན་པས། སླད་ཕྱིན་བོད་སྨན་གྱི་སྤུས་ཚད་ཚད་གཞིར་ཞིབ་འཇུག་བྱེད་པར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྨན་རྫས་ལྟ་བཤེར་ཅུས་ཀྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་གཞི་དང་། གནད་དོན་གྱི་ཁྲིད་ཕྱོགས། རྨང་གཞི་བརྟན་གཏོང་། ཆད་སྐྱོན་སེལ་བ། འགག་འགྲོལ་ཡོང་བ་བྱེད་པ། འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། བོད་སྨན་གྱི་ཚད་ལྡན་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་སྐུལ་ལྕག་དང་གསར་འབྱེད་བྱེད་པའི་འཐབ་ཇུས་ཀྱི་རྨང་གཞི་གལ་ཆེན་ཞིག་དང་། བོད་སྨན་སྤུས་དག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་མཐུན་རྐྱེན་ཞིག དེ་བཞིན་བོད་སྨན་ཆུ་ཚད་མཐོ་ལ་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་དངོས་དོན་བྱ་ཐབས་ཤིག་བཅས་ལ་རྩིས་ཡོད། ལོ་གསུམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཆེད་ལས་མཁས་པ་རྣམས་ཀྱིས་ཁུངས་འཚོལ་ར་སྤྲོད་དང་རིགས་པས་ཁུངས་སྐྱེལ་ཐེངས་མང་གནང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་སྣ་རིགས་152ཀྱི་སྤུས་ཚད་ཚད་གཞིའི་ཞིབ་འཇུག་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། བོད་སྨན་ཚད་ལྡན་ཅན་དང་བོད་ལུགས་གསོ་རིག་བྱ་གཞག་སྤུས་དག་གོང་འཕེལ་འགྲོ་བར་ལག་རྩལ་ཐོག་ནས་མཐུན་རྐྱེན་གང་ལེགས་སྦྱར་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10