ཉག་ཉོག་ཚིག་གི་རྩེད་འཇོ།

ཁམས་སྨྱུག་གསར།        2021-09-24

སྡོད་མེད་སེམས་ཀྱིས་འཚོལ་བའི་མཛེས་སྣང་གི་བུ་མོ། །

ཁྱེད་ཀྱི་ལང་ཚོ་འཛུམ་པའི་དབུ་ལོ་རུ་ཆགས་འདུག །

སྙན་ཚིག་རོལ་ཆ་ལྷ་མོའི་རྒྱུས་སྐུད་རང་དཀྲོལ་དང་། །

ཁྱེད་ཡིད་དགྱེས་པའི་དོ་ཧ་རྒྱང་རིང་ནས་འཐེན་ནོ། །

སྒེག་ལྡན་སྐྱེ་འབྲས་སྨིན་པའི་ན་གཞོན་གྱི་ཟླ་གཟུགས། །

ཡིད་ཀྱི་མཚོ་ཁར་འཕོས་པའི་དགའ་སྟོན་ལ་ཞུགས་ཚེ། །

སྙིང་གི་བག་ཆགས་སྦས་པའི་དགའ་སྐྱོ་ཡི་བྱིས་སྒྲུང་། །

ཚམ་ཚོམ་རེ་དོགས་མེད་པར་ཁྲོམ་ཆེན་ནས་གྱེར་ཆོག །

ནུབ་མཐའི་སྤྲིན་པ་དམར་པོའི་ལྭ་བ་ཞིག་གྱོན་པའི། །

སྲོད་ཀྱི་ཅོང་བརྡ་རྡུང་བའི་བྱེའུ་ཆུང་གི་གཤོག་སྒྲ། །

དབེན་པའི་སྤྱིལ་བུ་དམར་པོའི་དྲྭ་མིག་ནས་ཐོས་ཚེ། །

ཁེར་རྐྱང་ལྡོམ་པོ་ཞིག་གི་ངང་ཚུལ་དེ་མཐོང་ངོ་། །

དལ་འབྱོར་མི་ལུས་རྙེད་པའི་རིན་ཆེན་གྱི་སྐུད་པ། །

མི་རྟག་བྱི་བ་རྐུན་པོས་དོན་མེད་དུ་ཟ་ཚེ། །

ལང་ཚོ་ཐན་པས་གཏོར་བའི་མི་སྡུག་གི་རྒན་པོས། །

འདས་པའི་འཇིག་རྟེན་དྲན་པའི་སྨྲེང་གླུ་ཞིག་ཤོར་སོང་། །

རྟེན་འབྲེལ་ཨ་མ་རྒན་མོའི་མངལ་སྒོ་ནས་འགྲིམ་སྟེ། །

མི་ཡུལ་ལྟད་མོར་མཐོང་བའི་འཇིག་རྟེན་འདིར་ཉུལ་ཡང་། །

གཞོན་ཆུང་བུ་མོ་མྱོས་པའི་དུངས་སེམས་ཀྱི་བརྩེ་བ། །

དགའ་བའི་མི་ལ་མ་བཅོལ་ཁེར་རྐྱང་དུ་ལུས་འདུག །

གསོམ་ཤིང་འདབ་ལོ་སྐྱོམ་པའི་དུད་སྤྲིན་གྱི་མཐའ་ནས། །

རྒྱུས་མེད་རྒྱལ་ཁམས་འགྲིམ་པའི་མཐོང་སྣང་གི་གཞས་ཆུང་། །

གཞན་གྱིས་བསྐུལ་བའི་འཁྲེང་སེམས་ཁོ་བོ་ལ་མེད་ཀྱང་། །

གང་འདོད་སྒྱུ་མའི་ཁམས་སུ་རྗེས་དྲན་དུ་འཇོག་འདོད། །

ཉག་ཉོག་ཚིག་གི་རྩེད་འཇོར་ཟད་མཐའ་ཞིག་མེད་ཀྱང་། །

དུས་ཀྱི་བྱ་ནག་དགོད་པའི་ངང་ཚུལ་ལ་བསམ་ཚེ། །

ངེས་མེད་འཆི་བདག་དེ་ཡི་སོ་ཁ་ན་ལུས་པའི། །

ཁོ་བོ་རང་གར་འདུག་པའི་དུས་ཚོད་ཅིག་མིན་འདྲ། །



  • ལེ་ཚན་སྔོན་མ།:སྟོན་གཞུག་གི་སྙན་ངག།
  • ལེ་ཚན་རྗེས་མ།:ང་ཡི་མི་ཚེའི་དཔུང་རོགས་ལགས།