དར་མདོ་གྲོང་ཁྱེར་མགོ་ཐང་གྲོང་རྡལ་གྱིས་ཁོར་ཡུག་བཅོས་སྐྱོང་བྱས་ནས་འབྱུང་འཕྲོད་ཁྱིམ་གཞིས་སྐྱོང་།

        2021-09-22

    སྤྱི་ཟླ8པའི་ཚེས23ཉིན་ནས་བཟུང་དར་མདོ་གྲོང་ཁྱེར་མགོ་ཐང་གྲོང་རྡལ་གྱིས་སྲིད་འཛིན་གྲོང་སྡེ11དང་།ཞིང་ཆེན་རིམ་པའི་གཞུང་ལམ217པ་བརྒྱུད་ཡུལ། མངའ་ཁོངས་སུ་ཡོད་པའི་ཆུ་ལམ་ཆུང་ཆུང་། དེ་བཞིན་ཁེ་ལས12ལ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་སྤེལ་ཡོད།

    གྲོང་རྡལ་དེས་ཀྲུང་དབྱང་དང་ཞིང་ཆེན།ཁུལ།གྲོང་ཁྱེར་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐུལ་སློང་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས་གྲོང་རྡལ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་།ཁོངས་གཏོགས་ཁེ་ལས་ཀྱིས་གཙོ་བོ་བྱེད་པ།ཡུལ་མི་ལས་དོན་ལ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་ཞིག་མགྱོགས་མྱུར་དུ་བསྐྲུན་ཡོད། གྲོང་སྡེ་དང་ཁེ་ལས་ཁག་གིས་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་རང་བཤེར་ལས་དོན་ཡག་པོར་སྤེལ་ནས་ནུས་ཤུགས་གཅིག་ཏུ་བསྡུས་ཏེ་དཀའ་གནད་ཆེ་བའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཐག་གཅོད་བྱས་ཤིང་། ད་སྔའི་བར་གྲོང་རྡལ་དེའི་གྲོང་སྡེ་དང་ཁེ་ལས་ཁག་གིས་གནད་དོན་ཁག5ཤེས་རྟོགས་བྱུང་བར་གནད་དོན་ཁག5པོ་ཐག་གཅོད་བྱས་ཡོད།

     བཅོས་སྒྲིག་བྱེད་རིང་།གྲོང་རྡལ་དེའི་གྲོང་སྡེ་ཁག་གིས་དུས་བཀག་ལྟར་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་གཙང་སྦྲ་བྱས་པར་མ་ཟད་སྒྱིད་ལུག་བྱེད་མཁན་ལ་ཆད་པ་བཅད་དེ་དམངས་ཡོངས་ལས་ཞུགས་དང་དམངས་ཡོངས་ལས་སྤེལ་གྱིས་ཞིང་ཆེན་རིམ་པའི་གཞུང213པ་བརྒྱུད་ཡུལ་གྱི་ཆུ་བོ་དང་ལམ་ངོས།གྱང་བཅས་ལ་ཁོར་ཡུག་འཕྲོད་བསྟེན་གྱི་ཞིབ་བཤེར་བྱས་ནས་གད་སྙིགས་ཁྱོན་བསྡོམས་ཏུན15གཙང་སེལ་བྱས་པ་དང་སྒྲིག་ཁྲིམས་དང་འགལ་ནས་གྱང་བརྩིགས་པ་དང་འཕྲེད་འགེལ་ཡི་གེ་སོགས་སྨི50ཙམ་གཙང་སེལ་བྱས་ཡོད། ཁེ་ལས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཆེན་པོ་བྱས་ནས་དུས་བཀག་ནང་ཨར་ལས་འཛུགས་སྐྲུན་གྱི་གད་སྙིགས་དང་།ཐོན་སྐྱེད་དང་འཚོ་བའི་གད་སྙིགས།དེ་བཞིན་ཉེན་མེད་ཐོན་སྐྱེད་ཀྱི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱས་ཏེ་ཉེན་མེད་ཐོན་སྐྱེད་དང་འཕྲོད་བསྟེན་ཁོར་ཡུག་ཚད་མི་ལོན་པའི་ཁེ་ལས་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་ནས་དུས་བཀག་ནང་ཞིབ་བཤེར་དང་བཅོས་སྒྲིག་བྱེད་དགོས་ཚུལ་བསྟན་ཡོད།

     དུས་མཚུངས་སུ་ཉིན་གཅིག་ལ་སྐོར་ཞིབ་གཅིག་གི་ལམ་ལུགས་བཙུགས་ནས་སྐོར་ཞིབ་ཚོགས་ཆུང6བཙུགས་ཏེ་ཉིན་རེར་ཞིང་ཆེན་རིམ་པའི་གཞུང་ལམ217པ་བརྒྱུད་ཡུལ་དང་ཆུ་ལམ། གྲོང་སྡེའི་རྣམ་པ་བཅས་ལ་སྐོར་ཞིབ་བྱེད་འགན་འཁུར་བ་དང་།གནད་དོན་དང་འཕྲད་སྐབས་དུས་ཐོག་ཏུ་གྲོང་རྡལ་སྒྲིག་ཨུ་ལ་ཡར་ཞུ་བྱས་པ་དང་། གྲོང་རྡལ་སྒྲིག་ཨུས་གྲོང་སྡེ་ཁག་ལ་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་དགོས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཡོད། གནོད་འགོག་འཕྲལ་སྡོམ་སྐོར་ཞིབ་ཚོགས་ཆུང་གཅིག་བཙུགས་ནས་རླངས་འཁོར་སྒྲིག་ཆས་ཀྱི་རྨང་གཞིའི་མཁོ་བསྟུན་སྒྲིག་ཆས་གཅིག་གཏན་འཁེལ་བྱས་ཏེ་ཉིན་ལྟར་ཁོངས་གཏོགས་ས་ཁུལ་དུ་རི་ཉིལ་བ་སོགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་བྱས་ནས་གནོད་འཚེ་ཕོག་སྐབས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་མེད་པ་བྱས།

     དྲིལ་བསྒྲགས་དང་བསྔགས་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐད་འཕྲིན་ཚོགས་པ་དང་།རང་གིས་བཟོས་པའི་ལག་དེབ་ཆུང་ངུ་སོགས་སྤྱད་དེ་གྲོང་སྡེ་ཀུན་ལ་དྲིལ་བསྒྲགས་བྱས་པའི་དུས་མཚུངས་སུ། གྲོང་སྡེའི་འགན་ལས་ལས་བྱེད་པ་གྲོང་སྡེར་འགྲོ་སྐབས་རྟག་ཏུ་ཤོད་པ་དང་རྟག་ཏུ་ཁོམ་པ་ཡོད་དུས་ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་ལྟ་བ་སོགས་ཀྱི་བྱ་ཐབས་བླངས་པར་བརྒྱུད་འབྲུབ་འགོག་གེགས་སེལ་གྱི་ཉེན་གཡོལ་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ་གྲོང་སྡེ་དང་དུད་ཚང་གི་ཉེན་གཡོལ་དོགས་ཟོན་འདུ་ཤེས་དང་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་རེད།།


  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།: རང་ཁུལ་གྱིས་ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དག་ཐེར་ལ་སྐུལ་འདེད་ཤུགས་ཆེན་བཏང་།
  • དོ་སྣང་ཆེ་བའི་རྩོམ།