བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།

    ཀྲུང་གོ་བོད་ཀྱི་དྲ་བ།    2021-10-21

 2021ལོའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་ཡུས་ཧྲུའུ་རུ་འཚོགས།

བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།

   ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་དང་། མི་རིགས་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་རིགས་སྐད་ཡིག་གི་བརྡ་ཆད་གསར་པ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བཅས་བྱེད་ཆེད། སྤྱི་ཟླ10པའི་ཚེས19ཉིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་གནང་བའི2021ལོའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་ཡུས་ཧྲུའུ་རུ་འཚོགས།

བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཚེ་རིང་དང་། ཡུས་ཧྲུའུ་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཧྥུའུ་ཏ་སོགས་མགོ་ཁྲིད་ཚོགས་འདུའི་དབུ་ཚུགས་མཛད་སྒོར་ཞུགས། པེ་ཅིན་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ནས་ཐོན་པའི་ཆེད་མཁས་པ30ལྷག་ཚོགས་འདུར་ཞུགས་ཤིང་། ཉེ་བའི་ལོ་གཅིག་རིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་། ཁྲིམས་ལུགས་ཁྲིམས་སྲོལ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་ཐོན་པའི་བརྡ་ཆད་གསར་པ་གཅིག་བསྡུས་ཀྱིས་གཅིག་གྱུར་བྱས་པ་དང་། སྔོན་གྱི་བརྡ་ཆད་གཅིག་གྱུར་ཁྲོད་བསམ་འཆར་མི་མཐུན་པའི་མིང་ཚིག་ལ་ཞིབ་འཇུག་བགྲོ་གླེང་བྱས་པར་མ་ཟད། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་བརྡ་ཆད་གཅིག་གྱུར་ལས་དོན་གྱི་གྲོས་གཞིར་མཉན་པ་རེད། ཐེངས་འདིའི་ཚོགས་འདུ་བསྡུས་པས། རྒྱལ་ཡོངས་བོད་སྐད་ཡིག་གི་ལོ་ཙཱའི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གོང་དུ་འཕེལ་བར་དགེ་མཚན་ལྡན་པའི་ནུས་པ་འཐོན་ངེས་རེད།

བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།

   བརྡ་ཆད་གཅིག་གྱུར་དང་ཚད་ལྡན་གཏོང་བའི་ལས་དོན་ནི་མི་རིགས་ཀྱི་སྐད་དང་ཡི་གེ་ཡང་དག་པར་སློབ་སྦྱོང་དང་བེད་སྤྱོད་པར་འབྲེལ་བ་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཡང་དག་པར་ཤེས་རྟོགས་དང་ཁོང་དུ་ཆུད་པར་འབྲེལ་བ་ཡོད་པས། དེ་ནི་མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སློབ་གསོ་བཅས་གོང་དུ་སྤེལ་བར་ཉེ་བར་མཁོ་བ་རེད། 2010ལོ་ནས་བཟུང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བསྟུད་མར་ལོ11ལ་འབྲེལ་ཡོད་ཞིང་ཆེན་དང་ཁུལ་ནས་སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱི། ཀྲོང་བཅས་སྐད་རིགས7གྱི་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་བསྡུས་པ་དང་། འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་བརྡ་ཆད་གསར་པའི་དེབ77མཆིས་ཤིང་། མིང་ཚིག་ཁྲི4ལ་ཉེ་བ་བགྲོ་གླེང་གིས་གཅིག་གྱུར་བྱས་པས། མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མང་ཚོགས་ཀྱིས་བརྡ་ཆད་གསར་པ་ཚད་ལྡན་གྱིས་བེད་སྤྱོད་པར་སྟབས་བདེ་བསྐྲུན་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གདེང་འཇོག་ལེགས་པོ་ཐོབ།

བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།

   དབུ་ཚུགས་མཛད་སྒོའི་སྟེང་། བློ་མཐུན་ལི་ཧྥུའུ་ཏས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིས་ཚིག་ཕུལ་བ་དང་། ཁོང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་། དེ་བཞིན་ཡུས་ཧྲུའུ་ལ་ས་འགུལ་བྱུང་རྗེས་རྒྱལ་ཁབ་དང་གནོད་ཐེབས་ས་ཁུལ་གྱི་མི་དམངས་ཀྱིས་མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས་ཀྱིས་གེགས་རྗེས་བསྐྱར་བསྐྲུན་གྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཐེངས་འདིའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གོང་དུ་འཕེལ་བར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པར་བསྟན།
   ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་གཏམ་བཤད་ནང་བསྟན་དོན། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སྦྲགས། ཏང་དང་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གསར་པ་དང་བསྟུན་ཞིང་། སྐད་དང་ཡི་གེའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། རང་རྒྱལ་གྱི་སྐད་དང་ཡི་གེའི་ལས་དོན་གོང་དུ་སྤེལ་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་པ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ལ་གཞི་རྩའི་སྲུང་བྱ་འདོན་སྤྲོད་ཀྱང་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“ཆིངས”ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ཁོང་དུ་ཆུད་པ། བདེན་འཛིན་གསར་གཏོད་ཁྲོད་བརྡ་ཆད་གཅིག་གྱུར་ལས་དོན་གྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པ། ཏང་དང་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཡག་ཐོག་ཡག་བརྩེགས་ཀྱིས་བརྡ་ཆད་སྤུས་ལེགས་ཅན་ཡོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།།


  • ལེ་ཚན་སྔོན་མ།:ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་མངའ་ཁོངས་སུ་དུས་རབས་བཅུ་གསུམ་པའི་སྔོན་རྗེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཚན་པ་གཅིག་རྙེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།