ཡུལ་ཤུལ་ནས་ཐད་ཀར་ལྷ་སར་འཕུར་ཆོག་པའི་མཁའ་ལམ་ཐོག་མ་ཡོངས་འགྲུབ་བྱས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-10-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས9ཉིན། ཡུལ་ཤུལ་གནམ་གྲུ་ཐང་གིས་ཁྲིན་ཏུའུ་ནས་ཡུལ་ཤུལ། ཡུལ་ཤུལ་ནས་ལྷ་སར་ཐད་ཀར་འཕུར་ཆོག་པའི་དུས་གཏན་མཁའ་ལམ་ཡོངས་འགྲུབ་བྱས་ཤིང་། འདི་ནི་ཡུལ་ཤུལ་ནས་ལྷ་ས་གྲོང་ཁྱེར་ལ་ཐད་ཀར་འཕུར་ཆོག་པའི་མཁའ་ལམ་ཐོག་མ་རེད། མཁའ་ལམ་འདི་གེགས་མེད་ཤར་གཏོང་བྱས་པ་དེས། ཡུལ་ཤུལ་ས་གནས་མང་ཚོགས་གནམ་གྲུར་བསྡད་དེ་ཐད་ཀར་ལྷ་སར་འཕུར་ཐུབ་པའི་རེ་འདུན་མངོན་འགྱུར་བྱས་ལ། དེས་ཡུལ་ཤུལ་དང་ལྷ་ས། ཁམས་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བྱ་བ་ཡར་ལྡན་དུ་འགྲོ་བར་དོན་སྙིང་ངེས་ཅན་བསྐྲུན།
ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བཅུ་བའི་ཚེས་དགུ་ཉིན་ནས་བཟུང་། ཤར་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་ཟིའི་ཟི་ཁྲོན་ཡན་ལག་ལས་ཁུངས་ཀྱིས་ཁྲིན་ཏུའུ་ནས་ཡུལ་ཤུལ་དང་། ཡུལ་ཤུལ་ནས་ལྷ་སར་འཕུར་བའི་མཁའ་ལམ་ལ་དོ་དམ་བྱེད་ཀྱིན་ཡོད་ཅིང་། དུས་གཏན་མཁའ་ལམ་དེ་ནི་གཟའ་ཟླ་བ་དང་ལྷག་པ། པ་སངས། ཉི་མ་བཅས་སུ་འཕུར་རྩིས་ཡོད་ལ། འཕུར་བའི་དུས་ཚོད་ནི་རིམ་བཞིན། ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སོ་ལྔའི་སྟེང་ཁྲིན་ཏུའུ་གྲོང་ཁྱེར་ནས་འཕུར་མགོ་རྩོམ་པ་དང་། དུས་ཚོད་བརྒྱད་དང་སྐར་མ་བཅུའི་སྟེང་དུ་ཡུལ་ཤུལ་ཁུལ་ཐོག་ལ་འབྱོར་ཐུབ། སྔ་དྲོའི་དུས་ཚོད་དགུའི་སྟེང་ཡུལ་ཤུལ་ནས་ལམ་ལ་ཆས་ཏེ་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ལྔ་བཅུ་ང་ལྔའི་སྟེང་ལྷ་སར་བདེ་ལེགས་ངང་འབྱོར་ཐུབ། ཕྱིར་ཡོང་བའི་དུས་ཚོད་ནི་རིམ་བཞིན། སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔའི་སྟེང་ལྷ་ས་ནས་འཕུར་མགོ་བརྩམས་ཏེ། ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་ཕྱིར་ཡུལ་ཤུལ་ཁུལ་ཐོག་ལ་ཐོན་གྱིནཡོད། ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་བཅོ་ལྔའི་སྟེང་དུ་ཡུལ་ཤུལ་ནས་འཕུར་མགོ་བརྩམས་ན། ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་སྟེང་དུ་ཁྲིན་ཏུའུ་གྲོང་ཁྱེར་ལ་ཐོན་ཐུབ། །
  • ལེ་ཚན་སྔོན་མ།:ཡུལ་ཤུལ་ནས་ཐད་ཀར་ལྷ་སར་འཕུར་ཆོག་པའི་མཁའ་ལམ་ཐོག་མ་ཡོངས་འགྲུབ་བྱས།
  • ལེ་ཚན་རྗེས་མ།:མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཁམས་བདེ་རྟགས་མའི་བདེ་འཇགས་ཐོན་སྐྱེད་འགྲན་སྡུར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།