ཡུལ་ཤུལ་གྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

        2019-02-19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན།  གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གནོད་འགོག་གནོད་སེལ་བྱ་བའི་བྲེལ་མྱུར་བཀོད་འདོམས་པུའུ་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཚེས་བཅོ་ལྔ་ཉིན་བར་དུ་ཁུལ་ཡོངས་ཀྱི་རྫོང་དྲུག་དང་གྲོང་རྡལ་ཉེར་བརྒྱད།  སྡེ་བ་དོན་གཉིས་བཅས་ལ་ཚད་རིམ་མི་འདྲ་བའི་ཁངས་ཆག་གནོད་འཚེ་ཐེབས་པ་དང་།  གནོད་ཐེབས་མི་འབོར་ལྔ་ཁྲི་ལྔ་སྟོང་ལྷག་དང་ཕྱུགས་ཟོག་ཤི་བའི་གྲངས་ཀ་ཆིག་ཁྲི་བརྒྱད་སྟོང་ལས་བརྒལ།  གནོད་འགོག་གནོད་སེལ་བྱ་བ་སྔར་ལས་བཟང་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་བས་གནོད་པ་ཐེབས་པར་ཚོད་འཛིན་ཐུབ་པའི་རྣམ་པ་མངོན་ཡོད།  གཟན་རྩྭ་གསོག་འཇོག་གི་གནོན་ཤུགས་ཇེ་ཆུང་དུ་བཏང་ལ།   ཕྱུགས་ཟོག་སྐྱིན་ཚབ་འཇལ་བའི་བྱ་བར་མུ་མཐུད་སྐུལ་འདེད་བཏང་།  མིའི་ཚེ་སྲོག་ལ་གནོད་པ་བཟོས་མེད་པ་དང་།  གནོད་འགོག་ཕྱུགས་སྐྱོབ་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེགས་པོ་ཐོབ་ཡོད།

གནོད་པ་ཐེབས་རྗེས། ཡུལ་ཤུལ་ཁུལ་དང་རྫོང་།  ཞིང་བཅས་ནས་རིམ་བཞིན་ཏང་སྲིད་འགོ་ཁྲིད་དང་པོས་ཚན་གཙོ་གཉིས་ཀྱི་འགན་ཁུར་བའི་གནོད་འགོག་གནོད་སེལ་བྱ་བའི་བྲེལ་མྱུར་བཀོད་འདོམས་པུའུ་བཙུགས་ནས། ལས་བྱེད་པ་ཡུལ་དངོས་ནས་སྡོད་པའི་འགན་ཁུར་ལམ་ལུགས་ལག་བསྟར་དང་གནོད་སེལ་ལས་འགན་རིམ་བགོས་འོས་འགན་ལམ་ལུགས་ལག་བསྟར་བྱས་ནས། ཁངས་ཆག་ལྷུང་བའི་ས་ཁུལ་གྱི་་འགྲིམ་འགྲུལ་གཞུང་ལམ་གཙོ་བོར་འགན་སྲུང་དང་ཕྱུགས་ཟོག་གི་གཟན་རྩྭར་འགན་སྲུང་བྱས་པ་དང་མང་ཚོགས་ཀྱི་འཚོ་བར་ཁག་ཐེག་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མེད་གནང་བ་སྟེ།  གནོད་འགོག་ཕྱུགས་སྐྱོབ་བྱེད་པ་དང་གནོད་འཚེ་སྔོག་འགོག་བྱེད་པར་བཀོད་སྒྲིག་ཞིབ་མོ་བྱས།  མིག་སྔའི་བར་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གནོད་འགོག་གནོད་སེལ་བྱ་བར་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཅིག་བཏང་ལ། མགྱོགས་མྱུར་ངང་གནོད་སྐྱོབ་དངོས་རིགས་ཏུན་ལྔ་སྟོང་བརྒྱད་བརྒྱ་ལྔ་བཅུ་ཕུལ།  ཞིང་ཆེན་འགྲིམ་འགྲུལ་སྐྱེད་འདྲེན་ཐིན་གྱིས་བྲེལ་མྱུར་ངང་ཁངས་གཞབ་འཕྲུལ་ཆས་སོ་དགུ་བྱིན།  དམངས་སྲིད་སྡེ་ཁག་གིས་བྲེལ་མྱུར་ངང་ཁ་གསབ་མ་དངུལ་ས་ཡ་གཅིག་འབུམ་གཅིག་ཁྲི་ལྔ་བཏང་བ་དང་།  གནོད་སྐྱོབ་འབྲུ་རིགས་ཏུན་བཞི་བརྒྱ་བརྒྱད་བཅུ་ལྷག་དང་དངོས་རིགས་ཏུན་དགུ་སྟོང་དྲུག་བརྒྱ་བརྒྱད་བཅུ་དངོས་སྤྲོད་གནང་བས།  ཁུལ་ཡོངས་ཀྱི་མཁོ་བསྟུན་གནོད་འགོག་དུས་རིམ་ལ་ནུས་པ་བླ་ལྷག་ཐོན་ཡོད།

གནམ་གཤིས་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན།  ཚེས་བཅོ་ལྔ་ནས་ཉི་ཤུ་ཉིན་བར།  ཡུལ་ཤུལ་ཁུལ་ཁོངས་སུ་ཁངས་འབབ་ཐེངས་གཉིས་ཡོད་པས་གནས་ཚུལ་ཛ་དྲག་ཆེ་ཞིང་ཉེན་ཁ་ཆེ།  གཞུང་ལམ་སྟེང་ཡང་བསྐྱར་ཁངས་བབས་ན་གཞུང་ལམ་འགག་པའི་གནས་ཚུལ་འབྱུང་སྲིད་པས་དཀའ་ཁག་ཇེ་ཆེར་འགྱུར་སྲིད་ལ་དངོས་རིགས་མཁོ་འདོན་དུས་ལྟར་ཐོན་པར་གནོད་པ་བཟོ་སྲིད།  དེར་ཁ་གཏད་ནས་ཡུལ་ཤུལ་ཁུལ་གྱིས་འགྲིམ་འགྲུལ་གཞུང་ལམ་ཁག་སོ་སོའི་བྱ་བ་དམ་འཛིན་བྱས་ནས་གཟན་རྩྭ་དུས་ལྟར་སྐྱེལ་འདྲེན་བྱེད་རྒྱུ་རེད།  ཚན་རིག་དང་མཐུན་པའི་ཞིབ་སྡུར་བྱས་ཏེ་ཕྱོགས་ཡོངས་ནས་གནོད་ཁུལ་གྱི་ལས་རིགས་ཆ་འཕྲིན་ལ་དུས་ལྟར་རྒྱུས་ལོན་བྱེད་ཐུབ་པར་བྱེད་རྒྱུ་རེད། གནས་ཚུལ་དང་འཚམ་པའི་ཇུས་གཞི་བཏོན་ནས་གནད་དོན་དག་སེལ་བྱེད་པའི་བྱ་བ་ལག་བསྟར་བྱས་ནས་གྱོང་གུད་ཇེ་དམའ་རུ་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད་པ་མ་ཟད།  རྒྱུན་བསྲིངས་ཐུབ་པའི་བྱ་བའི་དམིགས་ཚད་ཀྱིས་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་པར་ནུས་ཤུགས་ཡོད་དགུ་འདོན་བཞིན་ཡོད། །


  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས།
  • ལེ་ཚན་རྗེས་མ།:གེ་སར་ཆེད་མཁས་པ་ཚོས་ཡུལ་ཤུལ་ཁུལ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།