མི་ཉག་རྡོ་ར་དཀར་མོ།། རྡོ་རའི་ནང་གི་མེ་ཏོག།

ཨོ་རྒྱན་དོན་གྲུབ།        2021-10-22

མི་ཉག་རྡོ་ར་དཀར་མོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སྒོ་འབྱེད་མཛད་སྒོའི་ཟུར་བྲིས།

མི་ཉག་རྡོ་ར་དཀར་མོ།། རྡོ་རའི་ནང་གི་མེ་ཏོག།

མཐོ་སྒང་གི་རི་གྲོང་ཀུན་ན་གསེར་མདོག་གོས་བཟང་གིས་ཡོངས་སུ་བརྒྱན་ཏེ།སྟོན་འབྲུ་དྲུག་གི་ནོར་བུ་བཟང་པོས་རོང་ཤིང་ཁང་ཅན་གྱི་བང་མཛོད་བལྟམས་ཤིང་།དཀར་མར་ཕྱུར་གྱི་ཡོང་སྒོ་འཕེལ་པོས་འབྲོག་སྦྲ་ནག་གི་གཞིས་ཁྱིམ་ནོར་གྱིས་ཁེངས་པའི་རྫོགས་ལྡན་སྟོན་མགོ་མའི་དུས་བཟང་སྐྱིད་ཀྱིས་ཚེས་ཡོད་པ་དང་། ཤར་མི་ཉག་གི་ཞིང་ཞེས་སྨུག་པོ་ལྡོང་གི་རུས་རྒྱུད་ལས་མཆེད་ཅིང་། བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་ན་སྙན་པའི་གྲགས་པ་འབར་བའི་དཔའ་བོ་དང་མཛངས་མ། ལོ་ཙཱ་བ་དང་མཁས་པ་མང་པོའི་འཁྲུངས་གནས། ཆོས་སྲིད་ལུགས་གཉིས་གསེར་གྱི་འཁོར་ལོའི་རང་མདངས་འགྱུར་མ་མྱོང་བའི་ཤར་མི་ཉག་གི་ཡུལ་ཞེས་གྲགས་པའི་ཡུལ་གྲུ་དེའི་དབུས་རྒྱུད་ཙམ་ན།མི་ཉག་རྡོ་ར་དཀར་མོ་ཞེས་མཚན་སྙན་གྱི་གྲགས་པ་འབར་བཞིན་པའི་ཤར་མི་ཉག་ཞིང་གི་ཆོས་རིག་གི་ལྟེ་གནས་ཤིག་ཡོད།

སྤྱི་ཟླ9ཚེས26ཉིན་གྱི་སྔ་དྲོར།རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ལ་རྒྱལ་ཁབ་ཀྱིA3རིམ་པའི་ལྗོངས་ཁུལ་གྱི་སྒོ་བྱང་སྤྲད་པ་དང་སྒོ་ཕྱེ་བའི་མཛད་སྒོ་གཟབ་རྒྱས་ངང་ནས་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་སྲིད་གྲོས་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དག་དང་དེ་བཞིན་འབྲེལ་ཡོད་འགན་ཁུར་བ་བཅས་མགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཁྲང་ཕིང་གིས་རྡོ་ར་དཀར་མོ་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ཁུལ་གྱི་ལྗོངས་ཁུལ་སྒོ་དངོས་སུ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་དང་།སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལུའེ་ཀྲི་ཅུན་གྱིས་རྡོ་ར་དཀར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ལ་རྒྱལ་ཁབ་ཀྱིA3རིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་སྤྲད་པ་དང་།དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་མགོ་གཙོ་ཝང་ཆང་གིས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ་རེད།

མགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས།ལས་ཁུངས་སོ་སོའི་མགོ་ཁྲིད་དག་ཆེད་ཕེབས་ཀྱིས་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་གླིང་དུ་གཟིགས་ཞིབ་ཏུ་ཕེབས།རྡོ་ར་དཀར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནི་ཀྲུང་གོའི་ཡུལ་ལྗོངས་ལམ་ཆེནG318དངG317འབྲེལ་མཐུད་ས་མཚམས། ཤར་གྱི་བཞག་མོ་ཞེས་གངས་རི་ཉམས་དགའ་བ་དེའི་རི་གཤམ་དུ་ཆགས་ཡོད། དར་མདོ་གནམ་ཐང་དང་ཐག་ཉེ་ཞིང་ལྷ་སྒང་རྩྭ་ཐང་གི་ཉེ་འཁོར་ཡང་ཡིན། དར་གོས་འགྲུལ་ལམ་ལྷོ་ལམ་གྱི་ཁྲོན་བོད་གཞུང་ལམ་དཀར་མཛེས་ཁུལ་བརྒྱུད་ལམ་དང་། དར་མདོའི་མཛའ་གཞས་ཀྱི་ཆོལ་ཁ། ཀྲུང་གོའི་དོམ་ཁྲའི་ལམ་ཆེན། ཀྲུང་གོའི་གནའ་བོའི་ལི་ཤིང་གི་མེ་ཏོག་ལམ་ཆེན་སོགས་ཡུལ་སྐོར་ལམ་ཐིག་གྲགས་ཆེ་བ་དང་། མི་རྒོད་མཚོ།བཞག་བྲ་ལྷ་རྩེ།ར་རྔ་ཁ།མཛེས་མའི་ལུང་པ།གསེར་རི་གླིང་ག་སོགས་ལྗོངས་ཁུལ་གྲགས་ཅན་དང་འབྲེལ་མཚམས་སུ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད།

ཉེ་བའི་ལོ་ཤས་རིང་།དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ས་ཁོངས་ཧྲིལ་པོར་ཡུལ་སྐོར་ལྗོངས་ཁུལ་སྐྲུན་བཞིན་པ་དང་། ཕྱོགས་གཞན་ཞིག་ནས། སྐྱེ་ཁམས་ལྟ་སྐོར། རིག་གནས་འཚོལ་ཞིབ། ཆུ་ཚན་ཁམས་གསོ། གཟུགས་མེད་རིག་གནས་ཤུལ་བཞག།ཁྱད་ཆོས་དམངས་སྲོལ་ཞག་སྡོད། དམངས་སྲོལ་མྱོང་རོལ། ཡུལ་སྐོར་ས་ཚུགས་སོགས་སྣ་བདུན་གཅིག་འདུས་རང་བཞིན་གྱི་ཡུལ་སྐོར་བྱེད་ཡུལ་སྐྲུན་བཞིན་ཡོད་ལ།རྡོ་ར་དཀར་མོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ནི་དེའི་ཁྲོད་ཀྱི་སྣེ་ཁྲིད་པའི་གྲས་ཤིག་ཡིན་པ་དང་།ཁྲོན་བོད་ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུ་བྱ་ཡུལ་དང་མི་ཉག་རིག་གནས་འཚོལ་ཞིབ་གཏིང་ཟབ་བྱ་ཡུལ་གྱི་ཡུལ་ཁམས་ཁྱད་པར་བ་ཞིག་ཀྱང་རེད། ཡུལ་སྐོར་བ་རྡོ་ར་དཀར་མོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་དུ་འབྱོར་ཚེ།སྲོལ་རྒྱུན་ལྗོངས་ཁུལ་གྱི་རྨང་གཞིའི་སྣེ་ལེན་ནུས་པ་ལས་བརྒལ་བའི་སྣ་མང་ཅན་གྱི་ཞབས་ཞུ་ལ་ལོངས་སྤྱོད་བྱེད་ཆོག།

སྐྱེ་ཁམས་ཡུལ་ལྗོངས་ལྟ་སྐོར་ཐད་ནི། བོད་ཀྱི་གནས་རི་གྲགས་ཤར་སྟོད་བཞག་བྲ་ལྷ་རྩེ་ཡོད་ལ། དེར་འཁྱགས་ཀློང་དང་རྦབ་ཆུ། མཚེའུ།ནགས་ཚལ།རྩྭ་ཐང་སོགས་མཐོ་སྒང་གི་མཛེས་ལྗོངས་ཀྱིས་མངོན་པར་ཕྱུག་ཅིང་།ཉེ་འགྲམ་གྱི་ལྷ་སྒང་རྩྭ་ཐང་ཡང་ཕྱོགས་བཞི་མཚམས་བརྒྱད་དུ་སྐད་གྲགས་ཆོད་ཅིང་རྩྭ་ཐང་གི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་ལ།དཔལ་སྨད་གསེག་རི་གླིང་ག་ལ་ཡང་ཡུལ་སྐོར་བའི་འདུ་ལོང་རྒོད་སའི་གནས་ཤིག་ཡིན།

སྣ་མང་མྱོང་རོལ་གྱི་ཐད་ནི།རྡོ་ར་དཀར་མོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་དུ།མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་གླིང་།ཇ་རྟ་གནའ་ལམ་ཚོང་དོན་ལྟེ་གནས།དེ་བཞིན་བོད་སྨན་མྱོང་རོལ་ཁུལ།དམངས་སྲོལ་རིག་གནས་མྱོང་རོལ་ཁུལ།སྐྱེ་ཁམས་ཞིང་ལས་མྱོང་རོལ་ཁུལ།ལག་ཤེས་བཟོ་རྩལ་བཟོ་སྣོན་མྱོང་རོལ་ཁུལ།རྩི་ཤིང་ལྟ་སྐོར་མྱོང་རོལ་ཁུལ། རུ་བ་སྤོ་བའི་རིག་གནས་མྱོང་རོལ་ཁུལ་སོགས་རིག་གནས་སྣ་མང་རང་བཞིན་གྱི་གླིང་ཁུལ་མང་པོ་འཛུགས་སྐྲུན་བྱས་ཡོད་པས།ཡུལ་སྐོར་བར་རིག་གནས་ཀྱི་གསང་བ་འཚོལ་ཞིབ་དང་།གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ།དམངས་སྲོལ་གླུ་གར།བོད་ལུགས་ཁམས་གསོ་སོགས་རིག་གནས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་ཐུབ་པ་རེད།

ལྗོངས་ཁུལ་དུ་རིན་མེད་ངང་སྒོ་ཕྱེ་ཡོད་པའི་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་བཤམ་སྟོན་གླིང་གི་ལྟེ་གནས་སུ། དཔེ་དེབ་ཁྲི30ལྷག་ཉར་ཚགས་བྱས་པའི་དཔེ་མཛོད་ཁང་ཡོད་པར་མ་ཟད།ད་དུང་རྒྱལ་ནང་གི་ཆེས་ཁྱོན་ཡོངས་སུ་ཚང་བ་དང་ཆེས་ཕུན་སུམ་ཚོགས་པའི་མི་ཉག་གི་ལོ་རྒྱུས། རིག་གནས། སྒྱུ་རྩལ་དང་དམངས་སྲོལ་འགྲེམ་སྟོན་དང་། དེ་མིན་གྱི་སྒྱུ་རྩལ་ཐོན་རྫས་དང་རིག་གནས་ཀྱི་ཆེད་དོན་འགྲེམ་སྟོན་སྣ་ཚོགས་འཛོམས་ཡོད་པ་རེད། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས“ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་གླིང་འདི་ནི་རྒྱལ་སྤྱིའི་ཡུལ་སྐོར་གྱི་གནད་སྨིན་འཐུས་ཚང་རྣམ་པ་ཞིག་ཡིན་ལ།ཀྲུང་གོའི་ཡུལ་སྐོར་མ་འོངས་འཕེལ་རྒྱས་དུས་ཀྱི་འཁོར་ཕྱོགས་ཤིག་ཀྱང་རེད།དེའི་རྩ་བའི་ཁྱད་ཆོས་ནི་སྲོལ་རྒྱུན་གྱི་ལྟ་སྐོར་དང་སྤྲོ་གསེང་ཡུལ་སྐོར་སྣེ་ལེན་གྱི་རྨང་གཞིའི་སྟེང་ནས།ཁྱོན་ཡོངས་རང་བཞིན་དང་ཆེད་ལས་ཅན།གཏིང་ཟབ་ཚད་བཅས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་མྱོང་རོལ་ཞབས་ཞུ་མཁོ་འདོན་བྱས་ནས་དགོས་མཁོ་སྣ་ཚོགས་དང་ས་ཚུགས་གཅིག་གི་ཕན་འབྲས་བཟང་པོ་ཐོན་པར་བྱ་རྒྱུ་དེ་རེད།ས་གནས་ཁག་སོ་སོའི་ཡུལ་སྐོར་བ་ཚོ་རྡོ་ར་དཀར་མོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ལ་མགྲོན་དུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད”ཞེས་གསུངས།

དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་མགོ་གཙོ་ཝང་ཆང་གིས་ཤིས་ཚིག་འབུལ་སྐབས“ཉེ་བའི་ལོ་ཤས་རིང་། ང་ཚོའི་གྲོང་ཁྱེར་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་འཁྱགས་ཀློང་ཡང་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ནས་རི་བོ་གངས་དཀར་བསྐོར་བ་དང་།རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད།མཛའ་གཞས་ཆེན་མོ་བཅས་རྩེར་སོན་གྱི་ཡུལ་སྐོར་ལམ་ཐིག་གསུམ་ཧུར་ཐག་གིས་བཏོད་དེ་སི་ཁྲོན་གྱི་ཡུལ་སྐོར་རྫོང་གྲགས་ཅན་དང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་གཏོད་བྱས་ཡོད་པ་རེད། རྡོ་ར་དཀར་མོ་ནི་མཛེས་སྡུག་གི་ལྗོངས་ཁུལ་ཞིག་དང་།ལོ་རྒྱུས་རང་བཞིན་གྱི་ས་གནས་གལ་ཆེན་ཞིག་ཡིན། མ་འོངས་པའི་མདུན་ལམ་འོད་ཀྱིས་གསལ་བའི་གནས་མཆོག་ཅིག་ཀྱང་ཡིན་པས་ཕྱོགས་ཀྱི་མགྲོན་པོས་དོ་སྣང་བྱ་རིན་ཡོད་པའི་གནས་ཤིག་ལགས་སོ”ཞེས་གསུངས་པ་རེད།

ཉིན་དེའི་ཕྱིར་དྲོར།སྒོ་འབྱེད་མཛད་སྒོའི་བྱེད་སྒོ་ཁག་ལས་རིག་རྩལ་འཁྲབ་སྟོན་མགོ་བརྩམས་ཤིང་།ཐོག་མར་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གསུང་བཤད་གནང་བ་དང་། ཁོང་གིས་གསུང་དོན། ས་གནས་སྲིད་གཞུང་གི་དབུ་ཁྲིད་རྣམ་པ། རྡོ་ར་དཀར་མོ་ཤེར་སྙིང་རིག་སློབ་གླིང་གི་དགེ་སློབ་རྣམ་པ། ལྷག་པར་དུ་ས་གནས་མི་ཉག་ཡུལ་ལུང་གི་སྡེ་བ་སོ་སོའི་དབུ་ཁྲིད་དང་མི་སེར་རྣམས་ལ་ཐུགས་རྗེ་ཆེ་ཞུས། ཁྱེད་ཅག་གི་བཀའ་དྲིན་དང་རྒྱབ་སྐྱོར་ཡོད་པས་རྡོ་ར་དཀར་མོའི་སློབ་གྲྭ་གསུམ་གྱི་སློབ་གསོའི་བྱ་གཞག་དབྱར་མཚོ་བཞིན་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་ལ།ས་གནས་སྲིད་གཞུང་དང་མི་བུ་བསམ་དཀར་ཅན་རྣམས་ཀྱི་དོན་མཐུན་གྱི་བསྔགས་བརྗོད་མང་པོ་གནང་བཞིན་ཡོད། དེ་བཞིན་དུ་རྡོ་ར་དཀར་མོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་འདི་ཡང་ཁྱེད་ཅག་གི་བཀའ་དྲིན་དང་རྒྱབ་སྐྱོར་འོག་ནས་དེ་རིང་འདི་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་སྒོ་འབྱེད་མཛད་སྒོའི་རྟེན་འབྲེལ་ཡོངས་སུ་འཛོམས་ཡོད། དེ་ཡང་མི་ལོ་བཅུ་ཕྲག་ལྷག་གི་ཡར་སྔོན་ལ།ས་གནས་འདི་ང་རང་ཉིད་སྐྱེས་སའི་དགུན་མཚེར་ཙམ་ལས་སློབ་མ་སྟོང་ཕྲག་མང་པོའི་ཤེས་རིག་སློབ་གསོའི་མ་ཡུམ་དུ་འགྱུར་རྒྱུ་རེ་བ་དང་རྨི་ལམ་ཙམ་ལས་མ་འདས་མོད།ད་ལྟར་མི་ཉག་ཡུལ་ཕྱོགས་འདིའི་ཤེས་རིག་སློབ་གསོའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་འདི་ག་ལགས་ན།འབྱུང་འགྱུར་གྱི་ལོ་ཟླ་རིང་མོར་ཡུལ་སྐོར་ཐོན་ལས་གླིང་འདི་ཡང་འཐུས་སྒོ་ཇེ་ཚང་དང་གཞི་རྒྱ་ཇེ་ཆེ་ཡིས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ངོམ་ཆོག་ཅིང་།ས་གནས་ཡུལ་ལུང་ལ་ཕན་ཐོགས་པའི་རིག་གནས་སྒྱུ་རྩལ་གྱི་ལྟེ་གནས་ཆེན་པོ་ཞིག་ཏུ་འགྱུར་བ་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད།ཆ་འཕྲིན་ལག་རྩལ་གྱིས་ས་ཡི་གོ་ཁྱིམ་གཞིས་གཅིག་ཏུ་གཏོང་བའི་དུས་སྐབས་དམིགས་བསལ་བ་འདིར།ནོར་བཟང་གཟི་ཡི་ཕ་ས་མི་ཉག་རྡོ་ར་དཀར་མོ་འདི་ནས་རང་མི་ཉག་ཡུལ་ལུང་འདིའི་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་རྣམས་སྲུང་འཛིན་དང་སྐུལ་འདེད་ཀྱི་ཕྱིར་དུ་དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོ་དང་སྦྱར་ནས་རྡོ་ར་དཀར་མོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་འདིའི་སྒོ་འབྱེད་བྱས་པ་ཡིན་ཞིང་།འདིས་ཕ་ཡུལ་མི་ཉག་པའི་མི་རབས་ཕྱི་མ་རྣམས་ལ་ལོ་རྒྱུས་དང་རིག་གནས།སྒྱུ་རྩལ་གྱི་ཕ་གཞིས་གསར་པ་ཞིག་བསྐྲུན་པར་འབད་བརྩོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན།ཞེས་གསུངས་པ་དང་། ཁོང་གིས་གསུངས་དོན། ང་ཚོ་མི་ཉག་པ་ཡོངས་ཀྱིས་བསམ་བློ་འདུ་ཤེས་ཀྱི་ཁྲོད་ནས་གོ་རྟོགས་སད་དེ། སོ་སོའི་རང་ས་ནས་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་རྣམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བར་བསམ་པ་ཆེར་བསྐྱེད་ཀྱི་སྒོ་ནས་དངོས་པོའི་རིག་གནས། ལོ་རྒྱུས་ཀྱི་ཤུལ་བཞག་དང་འཚོ་བའི་སྤྱོད་ཆས། གོས་རྒྱན། བཟའ་བཏུང་གི་རིག་གནས་རྣམས་སྲུང་སྐྱོབ་དང་། གཟུགས་མེད་རིག་གནས་གནའ་བྲོ་དང་གནའ་རབས། གཏམ། ཁེད། སྒྲུང་། ལ་གཞས། ལག་རྩལ་སོགས་རྒྱུན་འཛིན་དང་བརྒྱུད་སྤེལ་བྱ་བར་བརྩོན་པ་རྒྱུན་རིང་གནོངས་རོགས་ཞེས་ཐུགས་རེ་གནང་ཡོད་པ་རེད།

མཆོག་སྤྲུལ་ཁོང་གིས་རང་ཉིད་བདེ་དགའ་དང་སྤྲོ་སྐྱིད་ཙམ་གྱིས་ཐུགས་ཡིད་ཚིམས་ནས་མ་བཞུགས་པར།གངས་ཅན་ཁ་བ་རི་པའི་ཆོས་དང་རིག་གནས་ཀྱི་བསྟན་པ་སྤྱི་དང་།ཁྱད་པར་ས་གནས་མི་ཉག་ཡུལ་གྱི་ཆོས་དང་རིག་གནས་ཉག་ཕྲ་བར་ཐུགས་ཀྱིས་དགོངས་ནས།དཀའ་ཚེགས་དང་སྐུལ་ངལ་ལ་མ་འཛེམས་པར།རང་དོན་རྒྱབ་ཏུ་བསྐྱུར་ཞིང་གཞན་དོན་ཁུར་དུ་བླངས་ནས།ཕ་ཡུལ་མི་ཉག་གི་སློབ་གསོའི་ལས་དོན་ལ་སྐུ་ཚེགས་འོ་བརྒྱལ་ཆེན་པོ་གནང་ནས། ཁམས་བོད་ཕན་བདེ་སློབ་གྲྭ་དང་། རྡོ་ར་དཀར་མོ་སློབ་གྲྭ། རྡོ་ར་དཀར་མོ་བྱིས་སློབ་ཁང་སོགས་གསར་འཛུགས་དང་རྒྱུན་སྐྱོང་གནང་ནས།ད་ལྟའི་ཆར་མི་ཉག་ཡུལ་ཕྱོགས་སུ་དཀར་གསལ་གྱི་ཟླ་འོད་འཚེར་ཞིང་ལམ་སྟོན་གྱི་ཉི་ཟེར་འཕྲོ་རུ་བཅུག་ཡོད།མཆོག་སྤྲུལ་རིན་པོ་ཆེས་ཡུལ་མི་ཉག་གི་ཞིང་ལ་ན་ཆུང་བྱིས་པ་སྟོང་ཕྲག་མང་པོར་ཤེས་རིག་ཡོན་ཏན་གྱི་མིག་ཟུང་གནང་པར་མ་ཟད། ལུགས་གཉིས་དང་མཐུན་པའི་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་བཟང་པོ་རྣམས་ཤེས་སུ་བཅུག་ཅིང་། ཕ་ཡུལ་མི་ཉག་པའི་ན་ཆུང་བྱིས་པ་ཚོའི་ཡབ་ཆེན་གཉིས་པ་རུ་གྱུར་ཡོད་པས།ཡུལ་མི་ཉག་ཞིང་གི་མགོ་གསེར་ཏོག་ཅན་གྱི་དགོན་སྡེ་དང་འབྲོག་སྡེ་ཚོ་ཆེན་བརྒྱད།རོང་ཤིང་སྒོ་ཅན་གྱི་སྡེ་ཆེན་དག་ནས་མཆོག་སྤྲུལ་ཁོང་གི་སྐུ་དྲིན་དྲིན་དུ་རྟོགས་ཏེ། སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་བཟང་པོ་ཕུལ་ཞིང་བཀྲ་ཤིས་སྨོན་ལམ་བཟང་པོས་མཐའ་ཡོངས་སུ་བརྒྱན།

དེར་མཐུད་ནས་རིག་རྩལ་སྤྲོ་ཚོགས་ཀྱི་མགོ་དངོས་སུ་བརྩམས་ཤིང་།བོད་ཀྱི་གླུ་པ་གྲགས་ཅན་རིག་དགའ་དང་མཆོད་རྟེན། གླུ་མ་གྲགས་ཅན་ཀླུ་མོ་མཚོ་དང་རྣམ་རྒྱལ་ཆོས་མཚོ།དངོས་གྲུབ་སྒྲོལ་མ་སོགས་སྙན་མོ་གླུ་ཡི་མགྲིན་དབྱངས་ངག་ལ་འཁྱིལ་བའི་གླུ་པ་གླུ་མ་དག་གིས་གླུ་ངག་གི་མཆོད་པ་གཙང་མས་ཡུལ་མི་ཉག་ཞིང་གི་རྒྱ་ཆེའི་ལྟད་མོ་བ་ཁྲི་སྟོང་མང་པོའི་ཡིད་སེམས་དགའ་བདེའི་དཔལ་དུ་ཕུལ་ཡོད་པ་རེད།དེ་ནས་སྡེ་བ་སོ་སོའི་གནའ་བྲོ་དང་རྟ་རྩལ་སོགས་རིག་རྩལ་བྱེད་སྒོའི་རིགས་དང་།རིག་དངོས་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སོགས་ཀྱི་རིག་རྩལ་གྱི་རྣམས་གྲངས་བགྲང་ལས་འདས་པ་ཐེངས་འདིའི་མཛད་སྒོའི་རྒྱན་དུ་ཕུལ་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ན་གཞོན་ཡིག་མཁན་འཆི་མེད་ཚེ་བརྟན་གྱི་ཡིག་གཟུགས་འགྲེམས་སྟོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།